༢༠༡༢ ཟླ་ ༩ ཚེས་ ༧ རེས་གཟའ་པ་སངས།
༄༅། །རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གོ་སྒྲིག་འོག་(International Tibet Network) རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལས་འགུལ། Global Tibet Advocacy Action ཞེས་འདི་ལོ་ཕྱི་ཟླ་ ༩ ཚེས་ ༥ ཉིན་བོད་དོན་ཆེད་ཛ་དྲག་གི་ལས་འགུལ་སྤེལ་རྒྱུའི་ཆ་ཤས་སུ་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ། (Core Group for Tibetan Cause) ཞེས་པའི་ཚོགས་གཙོ་སྐུ་ཞབས་ཨེན་ཀེ་ཊར་ཁ་ལགས་ཀྱིས་ (Dr N K Trikha) ལགས་ཀྱིས་རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨེ་སི་ཨེམ་ཀི་རི་ཤི་ན་ S M Krishna མཆོག་ལ་ཞུ་སྙན་ཞིག་ཕུལ་བའི་ནང་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་དེར་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ནས་སྐྱོན་བརྗོད་གནང་དགོས། བོད་མིའི་ད་ལྟའི་ཛ་དྲག་གི་གནས་སྟངས་དེར་རྒྱལ་སྤྱིའི་སྲིད་གཞུང་གིས་རྒྱབ་སྐྱོར་འདང་ངེས་ཤིག་མེད། དེར་བརྟེན་དབུ་ཁྲིད་རྣམ་པས་ཕན་ཚུན་མགྲིན་དབྱངས་གྱུར་ཐོག་ནས་བོད་མི་ཚོར་རྒྱབ་སྐྱོར་གནང་རོགས། ཞེས་སོགས་འཁོད་ཡོད་པ་མ་ཟད། བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་རྣམས་གསལ་བཤད་ཞིབ་ཕྲ་བཀོད་ཡོད། ཞུ་སྙན་དེ་འདྲ་ཞིག་ཕུལ་བའི་རྒྱུ་མཚན་ནི་འཛམ་གླིང་ས་ཕྱོགས་འདྲ་མིན་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོ་སོས་འབྲེལ་ཡོད་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་རྣམས་མགྲིན་དབྱངས་གཅིག་གྱུར་ཐོག་ནས་བོད་དོན་ཆེད་ཛ་དྲག་གི་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་མ་ཟད། འདི་ལོ་ཕྱི་ཟླ་ ༩ ནང་སུད་སིའི་རྒྱལ་ས་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ཚོགས་ཆེན་ཚུགས་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་སོགས་ཡིན་འདུག
ཕྱོགས་མཚུངས་ཚོགས་གཙོ་སྐུ་ཞབས་ཨེན་ཀེ་ཊིར་ཁ་ལགས་དང་ཝི་ཇེ་ཀ་རན་ཏི་ (Vijay Kranti) ལགས་བཅས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་རྒྱ་གར་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱུན་ལས་འཐུས་མི་སྐུ་ཞབས་ཨིན་དེར་སིངྒ་ནམ་དཱ་རི་མཆོག་དང་ཐུག་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་རྒྱུན་ལས་ལས་ཁུངས་སུ་མགྲོན་འབོད་ཞུས་ཏེ་འཕགས་བོད་རྒྱ་གསུམ་གྱི་འབྲེལ་ལམ་སྐོར་ཉན་ཞིབ་བྱ་རྒྱུའི་གོ་སྐབས་ཕུལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད།