༢༠༡༢ ཟླ་ ༩ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕ་རན་སིར་ (France) བོད་ཀྱི་རིག་གཞུང་འགྲེམས་སྟོན་དུས་ཆེན། ཞེས་པའི་མིང་བྱང་འོག་ཕྱི་ལོ ༢༠༠༩ ནས་བཟུང་ལོ་ལྟར་ཕ་རན་སིའི་ཡུལ་མིའི་ཁྲོད་བོད་ཀྱི་རིག་གཞུང་གོ་རྟོགས་ཀྱི་ལས་འགུལ་སྤེལ་མུས་ལྟར། འདི་ལོའི་ཕྱི་ ཟླ ༩ ཚེས ༨ ནས ༩ བར་ཕ་རན་སི་བོད་རིགས་ཚོགས་པས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག དེ་ཡང་ཉིན་གཉིས་ཀྱི་ལས་འགུལ་སྐབས་སྤེལ་རྒྱུའི་ལས་དོན་གཙོ་བོ་རྣམས་ནི། རྗེ་བཙུན་སྒྲོལ་མའི་དཀྱིལ་འཁོར་བཞེང་རྒྱུ། ནང་ཆོས་དང་བོད་ཀྱི་གསོ་བ་རིག་པ་མང་ཚོགས་ལ་ངོ་སྤྲོད་བྱ་རྒྱུ། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཐད་དཔར་རིགས་འགྲེམས་སྟོན་ཞུ་རྒྱུ། བོད་ལུགས་གསོ་རིག་གི་སྒོ་ནས་སྐུ་མཉེའི་ (Massage) ཐབས་དང་ཕྱག་ལེན་འགྲེམས་སྟོན་ངོ་སྤྲོད། བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་ཆས་གོས་འགྲེམས་སྟོན་གནང་རྒྱུ། ད་ལྟའི་བོད་ཀྱི་གནས་བབ་དང་འབྲེལ་བའི་ལོ་རྒྱུས་ལ་གཞི་བཅོལ་བའི་དངོས་བྱུང་གློག་བརྙན་སྟོན་རྒྱུ། བོད་ཀྱི་ཟློས་གར་འཁྲབ་སྟོན་ཞུ་རྒྱུ། བོད་ཟས་བཟོ་ཚོང་བྱ་རྒྱུ། བོད་པའི་ལག་ཤེས་ལས་བསྐྲུན་པའི་དངོས་ཟོག་འདྲ་མིན་ཚོང་རྒྱུ། དེ་བཞིན་བོད་ཀྱི་ཐང་ཀའི་རི་མོ་དང་བོད་ཀྱི་ཡིག་གཟུགས་བཅས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་པ་བཅས།།