༢༠༡༢ ཟླ་ ༩ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༥ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༨ ཉིན་ཅནྡི་སྒར་དུ་སོ་ལན་བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་ཆུང་གིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ་བརྒྱུད་སྤྲོད་གནང་། དེ་ནས་ལུ་རྡི་ཡ་ནར་འབྱོར་རྗེས་བོད་དོན་རྒྱབ་སྐྱོར་བ་སུ་ནིལ་ར་ཡེ་ཀོམ་རེ་ཊ་(Sunil Rai Comrade )ཐུག་འཕྲད་ཀྱིས་གསར་འགོད་པར་འབྲེལ་ལམ་ཞུ་ཕྱོགས་དང་ལས་འགུལ་སྐོར་གོ་བསྡུར་དང་སི་ཊི་ཨེར་ནིའུ་སི་(city air News) ཞེས་པའི་བརྙན་འཕྲིན་གྱི་གསར་འགོད་པ་མ་ནོཇ་རྡི་མན་ (Manoj Dhiman) གྱི་བཅར་འདྲིར་དང་ལེན་གནང། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ སྔ་དྲོ་རྒྱལ་ཡོངས་བོད་མི་ཚོང་པ་ཚོགས་པའི་དྲུང་ཆེ་དང་ས་གནས་སུ་ཚོགས་མི་རྣམས་དང་ལྷན་ལས་འགུལ་བརྩམ་ཕྱོགས་དང་འབྲེལ་ཡོད་ཁག་ཐུག་འཕྲད། དེ་བཞིན་དྲུང་ཆེ་དང་སུ་ནིལ་ངོས་གསུམ་ནས་གསར་འགོད་གསལ་བསྒྲགས་དྲ་ལམ་བརྒྱུད་སྔོན་བཏང་ཟིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་དང་གསར་འགོད་པ་སོགས་ལས་ཁུངས་བཅོ་ལྔ་ལྷག་ལ་གསར་འགོད་གསལ་བསྒྲགས་ཕུལ་ཡོད།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ སྔ་དྲོ་ཆུ་ཚོད་ ༡༠་༣༠ ཐོག་སུན་རྡར་ན་གར་དུ་སྤྱི་འཐུས་པདྨ་འབྱུང་གནས་ཀྱིས་ཚོང་པ་ཚོགས་པའི་དྲུང་ཆེ་དང་ལ་ལའི་སྐུ་ཚབ་བཅས་པར་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་ཞུས་འཕྲལ་མ་དྷོ་པུ་རི་བིཤ་ནུ་མནྡིར་གྱི་ཚོགས་ཁང་བར་སྐོར་བསྐྱོད་ཀྱིས་དེར་ལ་ལ་ཁག་དང་བོད་མི་དེར་ཡོད་བཅས་སྔོན་འཛོམས་ཀྱིས་བདེན་པའི་མེ་ལྕེ་ཕེབས་བསུ་དང་སྐུ་ཚབ་ཁག་ནས་མཇལ་དར་བསྒྲོན། དེ་ནས་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རེནྡར་དྷ་ཝར་ལགས་ཀྱིས་(Mr.Surander Dawar MLA) གསུང་བཤད་གནང་བ་དང་ཆབས་གཅིག་བོད་དོན་རྒྱབ་སྐྱོར་གྱི་ཞུ་སྙན་སྟེང་མཚན་རྟགས་ཡང་བརྒྱབ་ཡོད།
དེ་ནས་སྤྱི་འཐུས་པདྨ་འབྱུང་གནས་ཀྱིས་བོད་ཧིན་གཉིས་ཐོག་གཏམ་བཤད་དང་། དེ་རྗེས་ལ་ལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཤ་ཝ་ནི་ཅའོ་ལ་དང་ཚོང་པ་ཚོགས་པའི་དྲུང་ཆེ་བཅས་ནས་གཏམ་བཤད་གནང་རྗེས་ས་རྟགས་བསྡུ་རུབ་ཞུས། དེ་ཉིན་གསར་འགོད་པ་ཧ་ཅང་མང་པོ་ཕེབས་ནས་དོ་སྣང་ཤུགས་ཆེ་གནང་ཡོད། ཕྱི་ཚེས་ ༣༡ ལམ་ཞོར་དུ་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་རྒྱབ་སྐྱོར་མཚན་རྟགས་དང་མེ་ལྕེ་བཏེགས་ཏེ་གསར་འགོད་པ་མང་པོའི་མདུན་སར་པར་བརྒྱབ། དབུས་གྲོས་ཚོགས་ཀྱི་འཐུས་མི་དེས་ཁྱེད་ཚོའི་འཐབ་རྩོད་ནི་རླབས་ཆེན་གྱི་འཐབ་རྩོད་རེད་ཅེས་ཐུགས་མཉེས་པོ་གནང་འདུག ཕྱི་ཚེས་ ༣༠ ཉིན་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེར་གསར་ཤོག་མང་པོའི་གནས་ཚུལ་རྒྱས་པོ་ཡོད་པ་བཅས།།
༄༅། །བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ལུ་རྡི་ཡ་ནར་མཇུག་བསྒྲིལ་བ།