༢༠༡༢ ཟླ་ ༩ ཚེས་་༤ རེས་གཟའ་མིག་དམར།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༤ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣༡ ཉིན་ཟི་ཁྲོན་ཞིང་ཆེན་ཟེར་བ་འབའ་ཐང་རྫོང་། གླིང་ཁ་ཆུས་ཟེར་བའི་ཁོངས་གཏོགས། གླིང་ཁ་གཤིས། བྱང་མཁར་དགོན་དུ་བདུད་འདུལ་གླིང་པའི་ཡང་སྲིད་སྤྲུལ་སྐུ་བསྟན་འཛིན་ཉི་མ་ཁྲི་སྟོན་མཛད་སྒོ་ཞིག་ཚོགས་གནང་ཡོད་འདུག སྐབས་དེར་ཡར་དགོན་པའི་ནང་དུ་ཡང་སྲིད་ཕེབས་བསུ་སོགས་ཀྱི་སྐབས་བོད་མི་ཁྲི་གཅིག་ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་དང་། ཕེབས་བསུའི་སྐབས་དད་ལྡན་མང་ཚོགས་ཀྱིས་འཕྲུལ་རྟའི་སྟེང་དུ་༸གོང་ས་མཆོག་གི་སྐུ་པར་འདྲ་མིན་སྒྲེང་ཁྱེར་གྱིས་རུ་བསྟར་བསྒྲིགས་ཏེ་གདན་འདྲེན་ཞུས་ཡོད་འདུག
སྤྱིར་ཕྱི་ལོ་ ༡༩༩༨ ཡན་མན་ནས་ས་གནས་འདིར་རྒྱ་གཞུང་གིས་བཙན་ཤེད་ཐོག་གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་ལ་གཏོར་བརླག་གཏོང་གིན་ཡོད་པར་བོད་མི་ཚོས་ངོ་རྒོལ་བྱས་པར་བརྟེན། ཕྱི་ལོ་ ༢༠༠༩ ཟླ་ ༡༢ པའི་ནང་གླིང་ཁ་གཤིས་ཡ་སོ་སྡེ་བའི་བུ་རང་ལོ་ ༡༨ ཅན་དགྱེས་དགའ་ཞེས་པས་བོད་ཀྱི་རྒྱལ་དར་ཁྱེར་ཏེ་ངོ་རྒོལ་བྱས་སྐབས་འཛིན་བཟུང་བྱས་པ་དང་། ཕྱི་ལོ་ ༢༠༠༩ ལོ་མཇུག་ཙམ་ནས་གཏེར་ཁ་སྔོག་འདོན་པར་ངོ་རྒོལ་བྱས་པར་བརྟེན་བོད་མི་ ༢༠ ཙམ་བཙོན་འཇུག་དང་། ཕོ་སར་ཚུལ་ཁྲིམས་ཆོས་འཕེལ་ཞེས་པ་བཅར་རྡུང་དྲག་པོ་བྱས་ཏེ་བསད་ཡོད། དེ་རྗེས་ཞིང་ཁ་མི་འདེབས་པ་སོགས་ཀྱི་ངོ་རྒོལ་རིམ་པར་བྱས་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༩ ཉིན་ཡ་སོ་སྡེ་བའི་གྲྭ་པ་རང་ལོ་ ༢༣ ཅན་པད་ཕྲུག་ཅེས་པས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་རིམ་པར་ཐོན་ཡོད་པ་བཅས། །