༢༠༡༠ ཟླ་ ༨ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༥ ཉིན་ལ་དྭགས་ནུབ་རའི་ས་ཁུལ་དུ་ཡོད་པའི་ལྡུམ་ར་བདེ་སྐྱིད་དགོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་བ་བྱམས་པའི་སྐུ་བརྙན་གསར་བཞེངས་ཀྱི་རབ་གནས་མཛད་སྒོའི་ཐོག་བཀའ་སློབ་སྩལ་དོན། དེ་རིང་འདིར་ཕུ་ལ་དྭགས་ནས་སྲིད་པ་བཟུང་བ། སྐུ་ཕྲེང་རིམ་པ་ནས་ལ་དྭགས་དང་འབྲེལ་བ་ཡོད་པ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། མངའ་སྡེའི་བློན་ཆེན་མི་རབས་གསུམ་གྱི་རིང་ནས་ངོ་ཤེས་ཆགས་ཡོད། དེ་རིང་འདིར་ཁོ་རང་གི་བུ་མི་རབས་བཞི་པ་ངོས་དང་ཐུག་བྱུང་། དེ་བཞིན་ནང་པའི་ཆོས་བྱེད་དབུ་ཁྲིད་བླ་མ་དགེ་བཤེས་དང་། དགེ་འདུན་པ། རབ་བྱུང་མ། མི་མང་ལྷན་རྒྱས། ཕྱི་རྒྱལ་ཁག་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་ཞུ་རྒྱུར། དེ་རིང་འདིར་བྱམས་པའི་སྣང་བརྙན་ཁྱད་དུ་འཕགས་པ་ཞིག་ཁྲིག་སེ་རིན་པོ་ཆེས་ལོ་ནས་ལོ་བསྟུད་དེ་སྐུ་ལས་བསྐྱོན་ཡོད། ཕྱི་ལོ་ ༢༠༠༩ ལོར་རབ་གནས་བྱེད་རྒྱུ་བྱས་ཡོད་ཀྱང་ལོ་གཅིག་འགྱངས་དགོས་བྱུང་བ་རེད། དེ་རིང་རབ་གནས་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས་རྒྱུ་བྱུང་ཡོད། ཐུགས་ཁག་མི་འདུག ཧ་ལས་པའི་སྤུས་དག་པོ་བཞེངས་འདུག སྤྱིར་སྐུ་ཆེན་པོ་འདི་ལྟ་བུ་བཞེངས་སྐབས་ཕྲན་བུ་ཞལ་ཁྱིམ་ལ་སོགས་ལས་སླ་པོ་མེད། ཡིན་ནའང་ཞལ་ཁྱིམ་འདི་ཧ་ཅང་ཡག་པོ་བཞེངས་འདུག ད་གིན་རིན་པོ་ཆེར་ཞུ་རྒྱུ་བྱུང་། བྱམས་པའི་སྐུ་མདུན་ནས་མཇལ་སྐབས་སྙན་ཅོག་གཡས་པ་ཕྲན་བུ་ཆུང་བ་དང་གཡོན་པ་ཕྲན་བུ་ཆེ་བ་འདུག གང་ལྟར་རབ་གནས་རྟེན་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། དེ་དང་ཆབས་ཅིག་དེ་རིང་འདིར་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་མངའ་སྡེའི་བློན་ཆེན་མཆོག་ཆེད་མངགས་འདིར་ཕེབས་པར་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྱམས་པའི་སྣང་བརྙན་གྱི་མཚོན་པའི་སྣང་བརྙན་འདི་ལྟ་བུ་བཞེངས་པ་རེད། སྣང་བརྙན་འདི་བཞེངས་ནས་དེའི་གཡས་གཡོན་ལ་གནས་སྐོར་མཁན་དད་པས་ཀུན་ནས་བླངས་ཏེ་མཇལ་མཁན་ཡིན་ནའང་རེད། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་ཆེད་ཡོང་མཁན་ཞིག་གི་མཐོང་བ་ཡིན་ནའང་ཕན་ཡོན་ཆེན་པོ་བརྩིས་ཀྱི་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས། བདེ་གཤེགས་སྐུ་གཟུགས་བརྩིགས་ངོས་བྲིས་པ་ལ། འཁྲུག་ཤེས་པ་ཡིས་སེམས་ཀྱི་བལྟས་ན་ཡང་། དེ་དག་རེ་ཞིག་སངས་རྒྱས་བྱེ་བར་མཐོང་།
རྟེན་ཁོ་རང་གང་གི་རྟེན་ཡིན་དུས་གང་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་པ་རང་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པའི་སེམས་ཅན་ཆེད་དཔག་ཏུ་མེད་པ་བསགས། མཐོང་ཐོས་དྲན་རེག་ཙམ་གྱི་གཞན་ལ་ཕན་བདེ་ཡོང་བར་ཤོག་ཅེས་ཐུགས་ཀྱི་འདུན་པ་ཧ་ཅང་སྐྱེ་སྐབས་དེའི་ཡུལ་ཅན་སོ་སོའི་ངོས་ནས་དམིགས་བསལ་དད་པ་མེད་པ། ཐ་ན་སེམས་འཁྲུག་བསྡད་པའི་སྐབས་སུ་བལྟས་ནའང་། ཡུལ་གྱི་ངོས་ནས་དགེ་བ་དཔག་ཏུ་མེད་པ་བསགས་པའི་སྟོབས་ཀྱིས་དེ་ཡང་ཕན་ཡོན་ཞིིག་ཡོང་གི་ཡོད་པ་དེ་འདྲ་གསུངས་ཡོད། གཙོ་ཆེ་ཤོས་བྱམས་པ་མགོན་པོ་ཞེས་པ་འདི་བྱང་ཆུབ་སེམས་པ་ཡིན་དང་སངས་རྒྱས་ཡིན་མིན་གྱི་ཐོག་རྩོད་པ་མེད། དེ་རྩོད་དགོས་དོན་མེད། སངས་རྒྱས་ཡིན་ཡང་རུང་བྱང་ཆུབ་སེམས་པ་ཡིན་ཡང་རུང་ཁྱད་པར་གང་ཡང་མི་འདུག མཚན་ནི་རྒྱའི་རྩོམ་པ་པོ་དེ་ཚོས་རྗེ་བཙུན་བྱམས་མགོན་ཞེས་ཁོང་གི་མཚན་འདིའི་ཐོག་ནས་ང་ཚོས་བསླབ་བྱ་གང་ལེན་དགོས་རེད་ཅེ་ན། རང་ཉིད་ཀྱི་རྒྱུད་ལ་བྱམས་པ་སྐྱེས་དགོས་པ་དང་། རང་གི་རྒྱུད་ལ་བྱམས་པ་སྐྱེས་པ་ཡིན་ན། མ་སྐྱིད་པ་བཟོ་མཁན་གཙོ་བོ་སེམས་འཁྲུག་པ་དེས་སེམས་མ་སྐྱིད་པ་ཆགས་ཀྱི་ཡོད། སེམས་འཁྲུག་པ་དེ་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་སེམས་འཁྲུག་པ་དེ་བཅོས་ཀྱི་ཡིན་ན། སེམས་ལྡན་དང་སེམས་མེད་གཉིས་ཡོད། འོན་ཀྱང་མང་ཆེ་བ་སེམས་ལྡན་གྱི་རྐྱེན་བྱས་ནས་ང་ཚོའི་སེམས་འཁྲུག་ཡོང་གི་ཡོད། དཔེར་ན། ང་ཚོ་ཕྲག་དོགས་དང་། འགྲན་སེམས། བརྣབ་སེམས། གནོད་སེམས་སྐྱེས་རྒྱུ་མང་ཆེ་བ་སེམས་ལྡན་ལ་དམིགས་ཀྱི་ཡོད། གང་ལ་དམིགས་ནས་སེམས་འཁྲུག་ཡོང་རྒྱུའི་ཡུལ་དེ་ཉིད་ལ་བྱམས་པའི་བློ་སྐྱེས་པ་ཡིན་ན། རང་ཉིད་ལ་སེམས་ཞི་བདེ་ཡོང་རྒྱུ་དང་། སེམས་འཁྲུག་རྒྱུ་དེ་ཉུང་དུ་ཕྱིན་པའི་སྐབས་སེམས་ཞི་བདེ་ལྡན་པ་ཞིག་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་ང་ཚོ་ ༼མེ་ཊི་ཡ་བྷོ་དྷི་སཏྭ༽ རྒྱལ་བ་བྱམས་པ་ཞེས་བརྗོད་པ་དེ་གང་ལྟར་མེ་ཏྲི་ཟེར་དུས་བྱམས་པ་ཡིན་པ་རེད། བྱམས་པའི་མཚན་འདི་ཐོས་ཡོང་སྐབས་བྱམས་པ་ཞེས་པ་དེ་གལ་ཆེན་པོ་ཡིན་པའི་དྲན་གསོ་གནང་དགོས་རྒྱུ་གལ་ཆེན་པོ་ཡིན། གཙོ་ཆེར་ཁྲིག་སེ་རིན་པོ་ཆེས་ཐུགས་ཁུར་བཞེས་ཏེ་རྟེན་འདི་ལྟ་བུ་བཞེངས་པ་རེད། འདིར་དངོས་སུ་བཟོ་པ་བཟོས་མཁན་ཀརྨ་ཚེ་རིང་དང་། སྐུ་བཞེངས་མཁན་གྱི་ངོས་ནས་ཡིན་ནའང་རེད། དེ་བཞིན་ཁྱེད་རང་ཚོ་ཚོགས་པའི་ངོས་ནས་ཡིན་ན་རེད། དེའི་ཆེད་དུ་ཞལ་འདེབས་འབུལ་མཁན་ཚོ། དེའི་འཁྲིས་ལ་བཟོ་བ་ལས་མི་ཚང་མར་དགེ་རྩ་ཞིག་གྲུབ་ཡོད་པ་རེད། ང་ཚོའི་ཕྱོགས་ནས་བཤད་ན། རང་གི་དགེ་རྩ་གྲུབ་པ་དེ་ངས་ཞེ་དྲག་བྱས་པ་ཡིན་བསམ་པའི་སོ་སོའི་མིང་དང་སྙན་གྲགས་དེ་འདྲ་ཡོང་ན་བསམས་ཏེ་བྱས་པ་ཡིན་ན་དགེ་བ་དེ་འཕྲོ་བརླག་རེད། དེ་འདྲའི་བསམ་བློའི་དབང་དུ་མ་སོང་བར་གོང་དུ་རིན་པོ་ཆེས་ཐུགས་སྨོན་གནང་བ་བཞིན་སྤྱིར་ང་ཚོ་འདིར་ཡོད་པའི་མི་རྣམས་ཆོས་ལུགས་དང་སྐད་ཡིག་རིགས་རུས་སོགས་མི་འདྲ་བ་ཆགས་ཡོད་ནའང། ཚང་མར་མིག་གཉིས་དང་རྣ་ཅོག་གཉིས་ཡོད་པའི་མི་གཅིག་མཚུངས་ཆགས་ཡོད། གལ་ཆེ་ཤོས་ང་ཚོ་ཕ་མའི་ཁོག་པ་ནས་སྐྱེས་སྐབས་ཚང་མ་གཅིག་པ་ཆགས་ཡོད། མཇུག་ཏུ་འཆི་སྐབས་སུའང་གཅིག་པ་བྱས་ནས་འཆི་རྒྱུ་རེད། དེས་གང་སྟོན་གྱི་ཡོད་དམ་ཞེས་ན་ང་ཚོ་ཚང་མ་མི་ཡིན་པ་གཅིག་པ་དང་། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་རེད། ང་ཚོ་འདིར་ཡོད་པའི་མི་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་བཞིན་འཛམ་གླིང་ནང་ཡོད་པའི་མི་ཚང་མ་གཅིག་པ་རེད། དེས་མཚོན་པའི་སྲོག་ཆགས་དུད་འགྲོ་ཚོ་ཁ་གྲགས་རྒྱུ་མེད་པ་དང་མིའི་སྐད་མི་ཤེས་ཀྱང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་རེད། དེ་དང་དེས་མཚོན་པའི་བདེ་བ་འདོད་པ་དང་སྡུགས་བསྔལ་མི་འདོད་པའི་སེམས་ཅན་གྲངས་མེད་པ་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཕན་པ་ཞིག་ཡོང་བར་ཤོག་བསམ་ནས་སྨོན་ལམ་བརྒྱབ་སྟེ་དགེ་བ་བསྔོ་ན་ཡག་པོ་ཡོང་གི་རེད། དེར་བརྟེན་རྟེན་ཁྱད་པར་ཅན་བཞེང་རྒྱུར་དངོས་དང་བརྒྱུད་པའི་འབྲེལ་ཚོགས་མཐའ་དག་གི་རང་གིས་བསགས་པའི་དགེ་བ་དེ་སྔོ་བ་བྱ་རྒྱུ་དེ་རེད། ངོས་རང་ལ་དྭགས་ལ་ཚར་འགའ་རེ་བསླེབས་ཡོད། ཐེངས་དང་པོ་བསླེབས་པ་ནས་ད་བར་འགྱུར་བ་དང་ཡར་རྒྱས་ཞེ་དྲག་ཕྱིན་འདུག མངའ་སྡེ་བློན་ཆེན་མཆོག་ལའང་ཞུ་རྒྱུ་བྱུང། མི་མང་ཚོའི་འཕྲོད་བསྟེན་ལ་ཆ་བཞག་ནའང་ཏན་ཏན་ཡར་རྒྱས་ཕྱིན་འདུག དེ་བཞིན་ཤེས་ཡོན་ལ་དོ་སྣང་བྱ་རྒྱུ་དང་སློབ་གྲྭ་ཁག་དེ་ཚོ་ཧ་ཅང་ཡར་རྒྱས་ཕྱིན་འདུག ཕྱོགས་མཚུངས་དགོན་པ་ཁག་དེ་ཚོའང་སློབ་གཉེར་དང་འདུལ་ཁྲིམས་རེད་ཚང་མ་ཡར་རྒྱས་ཕྱིན་པའི་རྣམ་པ་གསལ་པོ་འདུག དེར་བརྟེན་ད་བར་ཡར་རྒྱས་ཕྱིན་པ་དེ་དག་ཕྱོགས་གཅིག་ནས་ཁྱེད་རང་ཚོས་དཀའ་ལས་བརྒྱབ་པ་རེད། གཉིས་ནས་འབྲེལ་ཡོད་དབུ་ཁྲིད་ཚོས་ཤེས་ཡོན་དང་འཕྲོད་བསྟེན་གང་ལ་ཡིན་ནའང་ལས་ཀྱི་སྣེ་མོ་བ་ཚོས་ཁུར་བླངས་ནས་བྱས་པར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་འཛམ་གླིང་རང་བཞིན་གྱིས་ཚ་དྲོད་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ཛ་དྲག་གི་གནས་ཚུལ་ཆགས་ཡོད། གནས་སྟངས་དེ་འཛམ་གླི༝ང་སྤྱིའི་མ་འོངས་པའི་བདེ་དོན་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་སྟབས་ཆེ་ས་རྒྱལ་ཁབ་ཚོས་དེར་དོ་སྣང་བྱེད་བཞིན་ཡོད་ལ་ང་རང་ཚོ་ཡུལ་གྲུ་མི་རེ་ངོ་རེས་དེར་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད། ངོས་ཀྱི་གྲོགས་པོ་རྒྱའུ་ (Bahuguna) ལགས་ཀྱིས་ངོས་ལ་འགན་ཞིག་སྤྲད་ཡོད། ཁོང་གིས་ཧི་མཱ་ལའི་རི་རྒྱུད་སྐྱོབ་རྒྱུར་དམིགས་བསལ་དོ་ཁུར་གནང་གི་ཡོད། ཏཱ་ལའི་བླ་མ་ཧི་མཱ་ལའི་རི་རྒྱུད་གང་དུ་བསླེབས་པ་ཡིན་ནའང་ངེས་པར་དུ་ཁོར་ཡུག་སྐོར་བརྗོད་རོགས་ཞེས་ཁོང་གིས་ངོས་ལ་འགན་དེ་སྤྲད་ཡོད་པས་ངོས་ནས་ཀྱང་དེ་དེ་བཞིན་དུ་བགྱིའོ་ཟེར་ནས་ཁས་བླངས་པ་རེད། དེ་འདྲ་ཡིན་དུས་དེ་རིང་འདིར་གཞུང་གི་ལས་བྱེད་པ་དང་སེར་སྐྱ་མི་མང་མང་པོ་འཛོམས་ས་འདིར་ཞུ་འདོད་བྱུང། འཕྲལ་དུ་ཁ་ཐུག་ཁ་ཐུག་གི་ཚོར་བ་ལ་ཆ་བཞག་པ་ཡིན་ནའང་། དཔེར་ན། རི་སྐམ་པོ་འདིའི་སྒང་ལ་ཤིང་སྡོང་སྔོན་པོ་ཏོག་ཙམ་ཡོད་ན་མིག་ལའང་ལྟ་བདེ་བ་ཡོད། སྐྱ་ཤར་རེར་ཡོད་ན་གནམ་གྱི་ཚ་བ་གཅིག་བྱས། དེ་ནས་ས་ཆ་དཀར་པོ་དེས་མིག་ལ་གཟེན་པོ་མི་འདུག་གམ། འདི་ལས་ལྗང་ཐིང་ངེར་སྡོད་རྒྱུ་བྱུང་ན་ཁར་ཐུག་དེར་སེམས་ནང་སྐྱིད་སྣང་གི་ཚོར་བ་ཞིག་སླེབ་ཀྱི་རེད། བྱེ་མའི་དཀྱིལ་ལ་སྡོད་མཁན་གྱི་བྱེ་མ་མྱུ་གུ་ཡིན་ན་བྱེ་མ་ཡོད་ན་དགའ་བ་ཡོད་གྲོ། ང་ཚོ་མི་དང་བྱ་བྱིའུ་ལ་ཤིང་ནགས་ཡོད་ན་ཡག་པ་དང་སྐྱིད་པ་ཡོད། ཤིང་ནགས་མང་པོ་ཡོད་ན་བྱ་བྱིའུ་ཚོར་ཡང་ལྟོ་ཆས་འབེལ་དུ་འགྲོ་གི་རེད། གང་ལྟར་ཤིང་འཛུགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཧི་མཱ་ལའི་རི་རྒྱུད་ཀྱི་ས་ཁུལ་ཡོངས་རྫོགས་ལ་ག་ཚོད་ཐུབ་ཐུབ་ཀྱི་ཤིང་སྣ་འཛུགས་རྒྱུ་དང། གཉིས་ནས་འདིར་ཡོད་པའི་ཆུ་བོ་ཆེན་པོ་འདི་ཚོའི་འབྱུང་ཁུངས་ཧི་མཱ་ལའི་རི་རྒྱུད་ཀྱི་སྲིད་པའི་གངས་རི་དེ་ཚོ་རིམ་པ་རིམ་པས་ལོ་རེའི་མཚམས་ཀྱི་བཞུར་ཚད་དེ་ཆེ་རུ་འགྲོ་བཞིན་ཡོད། ད་ལྟ་ཆུ་མཛོད་གང་ཙམ་བཟང་པོ་ཡོད་སྐབས་ག་ཚོད་ཐུབ་ཐུབ་ཀྱི་ཤིང་སྣ་འཛུགས་ཐུབ་ན། ཁོར་ཡུག་དེའང་བཟང་དུ་ཕྱིན། ས་ཆ་གཅིག་ནས་འགུལ་བསྐྱོད་དེ་འདྲ་ཞིག་བརྒྱབ། ལ་ཧུལ་སྤྱི་ཏི་ནས་འགུལ་བསྐྱོད་དེ་འདྲ་བརྒྱབ། ཨ་རུ་ནཱ་ཅལ་བར་ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་ཤུགས་ཆེ་རུ་ཕྱིན་ན། ཕྱོགས་གཅིག་ནས་ཧི་མཱ་ལའི་རི་རྒྱུད་སྲུང་སྐྱོབས་ཡོང་རྒྱུར་གཅིག་ཕན། དེས་རྒྱ་གར་རྒྱལ་ཡོངས་ལ་ཆུ་ཡོང་རྒྱུར་གཅིག་ཕན། དཔག་ཚོད་ཀྱིས་འཛམ་གླིང་སྤྱིའི་གོ་ལའི་ཚ་དྲོད་(Global Warming) སྟངས་འཛིན་བྱེད་རྒྱུར་ཕྲན་བུ་ཕན་གྱི་ཡོད། དཔེར་ན་ལེ་ཊིན་ཨ་མེ་རི་ཀའི་ནང་ཨེ་མ་ཛོན་ (Amazon area) དེ་ཚོའི་ནང་ཤིང་སྣ་འདེབས་འཛུགས་བྱེད་བཞིན་པ་དེས་འཛམ་གླིང་ཚང་མར་ཕན་གྱི་ཡོད། དེ་བཞིན་ང་ཚོ་ཧི་མཱ་ལའི་ས་ཁུལ་ནང་ཤིང་སྣ་སྲུང་སྐྱོབ་བྱ་རྒྱུ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ། དེ་བཞིན་ཤིང་གསར་པ་ག་ཚོད་ཐུབ་ཐུབ་འཛུགས་ཐུབ་པ་ཡིན་ན་ཡག་པོ་ཡོད། ཤིང་སྣ་མང་པོ་བཙུགས་ཏེ་ཤིང་འབེལ་པོ་བྱུང་ན། ཤིང་སྦོམ་པོ་དེ་ཚོ་ཁང་པ་རྒྱག་རྒྱུ་དང་མེ་ཤིང་སོགས་ལ་ཕན་ཐོགས་ཀྱི་རེད། བྱས་ཙང་ཁྱེད་ཚོས་ཁོར་ཡུག་ཐོག་ཐུགས་སྣང་མང་ཙམ་གནང་རོགས་གནང་ཞེས་ཞུ་འདོད་བྱུང་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།