ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །བཙན་བྱོལ་བོད་མིའི་ཆེད་ལས་ལས་འཆར་བཟོ་འགོད་དང་འཛུགས་སྐྲུན་ལག་བསྟར་ཆེད་དམིགས་བསལ་འོས་སྦྱོང་ཐེངས་དང་པོ་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༡ ནས་ཕྱི་
ལོ་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༡༦ བར་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་འོས་སྦྱོང་པ་རྣམས་ལ་སློབ་ཁྲིད་དང་ས་གནས་ཁག་ནང་བསྐྱོད་དེ་སློབ་ཁྲིད་དངོས་སུ་ལག་བསྟར་བྱེད་ཐབས་དང་གང་ཐུབ་ཤེས་རྟོགས་སླད་ཆེད་བསྐྱོད་ཀྱང་གནང་ཡོད་འདུག སྤྱི་ཁྱབ་འཆར་འགོད་པ་ཌོར་ཊར་དཀོན་མཆོག་བརྩོན་འགྲུས་ལགས་དང་དྲུང་ལས་བསྟན་འཛིན་ཤེས་རབས་ལགས་རྣམ་གཉིས་ནས་འོས་སྦྱོང་པ་རྣམས་ལ་ལས་འཆར་བཟོ་འགོད་དང་བཟོ་རྩལ་གྱི་ཐབས་ལམ་ཁག་སློབ་ཁྲིད་གནང་བ་དང་། འཆར་འགོད་ལས་བྱེད་དྲུང་ལས་བློ་བཟང་བསྟན་འཛིན་ལགས་ནས་སྐྱེས་ལྡན་སོ་ནམ་དང་། ཉི་འོད་ཀྱི་ནུས་ཤུགས་ལ་བརྟེན་ནས་ཆར་ཆུ་གསོག་འཇོག་བྱ་བྱེད་ཀྱི་འཕྲུལ་གློག་བེད་སྤྱོད་བྱ་ཐབས་སྐོར་ལ་སློབ་ཁྲིད་དང་། གཞོན་སྐྱེས་འོས་སྦྱོང་པ་རྣམས་ལ་སློབ་ཁྲིད་དེ་དག་དངོས་སུ་ལག་བསྟར་དང་སྦྱོང་བརྡར་ཐོབ་སླད་ས་སྐྱ་གཞིས་ཆགས་ནང་བསྐྱོད་དེ་གཞིས་ཆགས་ཀྱི་གནས་སྟངས་དང་། དཀའ་ངལ་ངོས་འཛིན་གྱིས་གདོང་ལེན་བྱ་ཐབས་སྐོར་ལ་གོ་རྟོགས་སྤེལ་གནང་། འཆར་འགོད་ལས་བྱེད་ལས་དྲུང་བསྟན་འཛིན་དོན་ཡོད་ལགས་ནས་འཛུགས་སྐྲུན་ཡར་རྒྱས་ཀྱི་སྒྲོམ་གཞི་དང་། ལྟ་གྲུབ་དང་ལྟ་ཚུལ། ལས་གཞི་ཁག་གི་གྲུབ་འབྲས་ཞིབ་འཇུག་བྱེད་སྟངས་བཅས་ཀྱི་སྐོར་ལ་སློབ་ཁྲིད་གནང་བ་དང་འོས་སྦྱོང་པ་རྣམས་ལ་ལས་གཞི་དེ་དག་དངོས་སུ་ཤེས་རྟོགས་ཡོང་སླད་པ་ལམ་སྤར་དུ་ཧི་མ་ཅལ་མངའ་གཞུང་གི་སོ་ནམ་ཞིང་ལས་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། ཧི་མ་ཅལ་མངའ་གཞུང་གི་སྨན་རྩ་ཞིབ་འཇུག་ལྟེ་གནས་ཁང་། བོད་མིའི་གཞིས་ཆགས་སྦིར་དང་ཅོན་ཏ་ར་བཅས་ལ་སློབ་ཁྲིད་དེ་དག་ལག་ལེན་བསྟར་ཐབས་སོགས་ཀྱི་སྐོར་ལ་གོ་རྟོགས་ཡོང་སླད་དངོས་བསྐྱོད་གནང་ཡོད་པ་རེད། འཆར་འགོད་དྲུང་ལས་རྣམ་རྒྱལ་ཆོས་འཛོམས་ལགས་ནས་མི་འབོར་ཞིབ་བཤེར་དང་འབྲེལ་བའི་གནང་སྟངས་སྐོར་སློབ་ཁྲིད་གནང་བ་དང་། དེ་བཞིན་ཕོ་མོ་འདྲ་མཉམ་སྐོར་ལ་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་ཚེ་དབྱངས་ལགས་ནས་སློབ་ཁྲིད་གནང་། སྐྱིས་ཆུང་བུན་གཡར་བྱ་ཐབས་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་རྩ་གསོག་འཇོག་པའི་ཁྱད་ལས་པ་སྐྱིད་འཛོམས་དངོས་གྲུབ་ལགས་མོམ་བཡི་ནས་གདན་ཞུ་གནང་བ་དང་། འཛུགས་སྐྲུན་ལས་འཆར་པའི་ཁྱད་ལས་པ་(Mr.Ajit Mani)བཅས་གདན་ཞུས་ཀྱིས་སློབ་ཁྲིད་གནང་ཡོད་པ་རེད། ཐེངས་དང་པོའི་འོས་སྦྱོང་དུ་མཉམ་ཞུགས་གནང་མཁན་མཐོ་སློབ་ཐོན་པའི་གཞོན་སྐྱེས་གྲངས་ ༡༦ ལ་ལས་འཆར་དང་འཛུགས་སྐྲུན་བྱ་ཕྱོགས་བཅས་ཀྱི་སྐོར་ཉམས་གསོག་གྲུབ་རྗེས་ཡིག་རྒྱུགས་ཀྱི་ལམ་ནས་ཨང་རིམ་གཞིར་བཟུང་ཕྱི་ཚེས་ ༡༧ སྐུ་མགྲོན་གཙོ་བོ་དཔལ་ལྡན་འཕྲོད་བསྟེན་བཀའ་དཔལ་འབྱོར་ཚེ་རིང་མཆོག་དབུ་བཞུགས་ཐོག་སྤྱི་ཁྱབ་འཆར་འགོད་ཌོག་ཊར་དཀོན་མཆོག་བརྩོན་འགྲུས་ལགས་དང་། འཆར་འགོད་ལས་བྱེད་དྲུང་ལས་བསྟན་འཛིན་དོན་ཡོད་ལགས། དྲུང་ལས་བློ་བཟང་བསྟན་འཛིན་ལགས་བཅས་ལྷན་འཛོམས་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་ནས་འོས་སྦྱོང་པ་རྣམས་ལ་ལག་འཁྱེར་དང་ཁ་བཏགས་གནང་སྟེ་ལས་འཆར་བཟོ་འགོད་དང་། འཛུགས་སྐྲུན་ལག་བསྟར་གནང་ཐབས་བཅས་དང་འབྲེལ་བའི་ཁྱད་ཆོས་གསུམ་དཔེ་བཞག་གནང་ཡོད། དང་པོ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡ་རབས་ཀྱི་ལྟ་བ་མི་ཉམས་པའི་ཐོག་ནས་ལས་གཞི་གང་ཞིག་ལག་བསྟར་དགོས་པ། གཉིས་པ། མི་རིགས་ཀྱི་ལྟ་བའི་ཐོག་སྤོབས་སེམས་དགོས་པ། གསུམ་པ། ཤེས་ཡོན་གྱི་ཆུ་ཚད་གོང་འཕེལ་བཏང་སྟེ་ལས་རིགས་སྣ་ཚོགས་ཐོག་རྩེར་སོན་དགོས་རྒྱུ་གལ་འགངས་ཆེ་ཚུལ་སོགས་ཀྱི་སྐོར་ལ་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་ཡོད། འོས་སྦྱོང་པ་རྣམས་ནས་ཀྱང་འོས་སྦྱོང་དེ་རིགས་མུ་མཐུད་གོ་སྒྲིག་བྱུང་ན་དགེ་མཚན་ཆེ་ལུགས་དང་། རང་གཞུང་ནས་ཀྱང་ཁྱད་ལས་པའི་ཐོག་ལས་བྱེད་གསར་བསྐོ་ཡོང་བའི་འབོད་སྐུལ་ཡང་གནང་ཡོད་འདུག །