༢༠༡༢ ཟླ་ ༨ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཉིན་རེའི་གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པ་ཞིག་གིས་བོད་མི་གཉིས་ཀྱིས་སླར་ཡང་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་པར་གསལ་བཤད་ཇི་ཡོད། ཅེས་དྲི་བ་ཞུས་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་སྐུ་ཝིག་ཊོ་རི་ཡ་ནུ་ལནྜ་ Victoria Nuland མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་གསུང་དོན། འདས་པའི་ཉིན་ཤས་ནང་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ངས་མ་མཐོང་ཡང་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ནམ་མཐོང་སྐབས་ང་ཚོས་སླར་ཡང་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ཐུན་མིན་རིག་གཞུང་ལ་བརྟེན་པའི་ཉིན་རེའི་འཚོ་བའི་གནས་སྟངས་ལ་སྲུང་བརྩི་དགོས་པ་དང་། དེ་བཞིན་བོད་མི་ཚོའི་དངོས་ཡོད་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་པའི་རེ་འདུན་འདོན་བཞིན་ཡོད། ཅེས་ལན་འདེབས་གནང་ཡོད། གཞན་ཡང་གསར་འགོད་པ་ཞིག་གིས་ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ Tom Lantos’s Human Rights
Committee ཚོགས་གཙོ་སྦྲེལ་པོས་ McGovern and Wolf ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧེ་ལི་རི་ཁི་ལིན་ཊོན་ Hillary Clinton མཆོག་ལ་ཞུ་སྙན་ཞིག་ཕུལ་ཏེ་བོད་ནང་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་ཐོག་རྒྱལ་སྤྱིའི་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་དགོས་པའི་རེ་འདུན་བཏོན་ཡོད། ཞུ་སྙན་དེ་ཕྱི་སྲིད་དྲུང་ཆེ་མཆོག་ལ་འབྱོར་ཡོད་དམ། གལ་ཏེ་འབྱོར་ཡོད་ཚེ་ལན་འདེབས་ཇི་འདྲ་ཞིག་ཡོད་དམ། ཞེས་དྲི་བ་ཞུས་པར་མགྲིན་ཚབ་པ་མཆོག་གིས་ལན་འདེབས་གནང་དོན། ཞུ་སྙན་དེ་ང་ཚོར་འབྱོར་བྱུང། འོན་ཀྱང་ད་བར་ང་ཚོས་ལན་འདེབས་གང་ཡང་བྱས་མེད། ང་ཚོས་ཞུ་སྙན་ནང་འཁོད་པའི་རེ་འདུན་དེ་དག་རྟོག་ཞིབ་བྱ་རྒྱུ་ཡིན། ཞེས་ལན་འདེབས་གནང་ཡོད་པ་བཅས།།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མཆོག་གིས་བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་ལན་འདེབས་གནང་བ།
གསར་གནས།
འབྲེལ་གནས།