ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །གངས་ཅན་པ་རྣམས་ཀྱི་ལྷ་སྐལ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གོ་ལ་ཧྲིལ་པོའི་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་ཆེད་འདི་ལོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། སི་ལི་གུ་སྲད་རྒྱུད་གྲྭ་ཚང་གི་མ་དགོན་བཅས་ནས་གསོལ་འདེབས་སྔོན་ནས་ཞུས་ཏེ་བཀའ་བཞེས་ཟབ་མོ་སྨིན་སྩལ་བྱུང་བ་ལྟར་དགའ་བྱང་གསེར་ཀོང་རྡོ་རྗེ་འཆང་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བཤེས་རྣམས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་སྐུའི་ཚེ་སྒྲུབ་ཀྱི་སྒྲུབ་གནད་སྔོན་དུ་སོང་སྟེ་བོད་རྒྱལ་ལོ་ ༢༡༣༥ ས་བྱི་བོད་ཟླ་ ༡༡ ཚེས་ ༡༩ ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༡༤ རེས་གཟའ་ལྷག་པར་སྐུའི་བླ་གཟའི་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝར་ནཱའི་བཞུགས་གནས་གཟིམ་ཆུང་ནས་གསུང་རྭར་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་དང་། སྲད་རྒྱུད་མ་དགོན་གྲྭ་ཚང་གི་མཁན་བླ། དབུས་གཞོན་ནུའི་ཚོགས་གཙོ་དང་བཅས་ནས་ཕྱག་ཏུ་སྤོས་སྣེ་ཐོགས་པ་དང་། དགེ་འདུན་པས་སེར་སྦྲེངས་དང་དུང་རྒྱ་སྤོས་སྣེ་སོགས་ཀྱི་སྲི་ཞུ་ཕུན་སུམ་ཚོགས་པས་སྤྱན་དྲངས་ཏེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་རྡོ་རྗེ་སློབ་དཔོན་དགའ་བྱང་གསེར་ཀོང་རྡོ་རྗེ་འཆང་མཆོག་སྤྲུལ་རིན་པོ་ཆེས་དཀར་གཙང་གི་ལྷ་དར་རྐྱང་འབུལ་ཞུས་པ་དང་རིམ་བཞིན་དགའ་བྱང་དབུ་མཛད་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་བཅས་དབུ་བསྐུལ་གནང་བ་དང་། བརྟན་བཞུགས་དངོས་གཞི་སློབ་དཔོན་ལྷར་བསྐྱེད་རྗེས་མཆོད་འཕྲེང་དང་བསྟོད་པ། བཟླས་པ་སོགས་སྔུན་སོང་ལྟར་བཟང་སྤྱོད་སྨོན་ལམ་གསུངས་གྲུབ་མཚམས་དགའ་ལྡན་བྱང་རྩེའི་མཁན་རིན་པོ་ཆེ་དང་། སྲད་རྒྱུད་མ་དགོན་གྲྭ་ཚང་གི་མཁན་པོ་རྣམ་གཉིས་ནས་གསོལ་འདེབས་མལ་ཚོམས་བུ་འདེགས་འབུལ་ཞུས་རྗེས་རིམ་པས་སྐུ་རྟེན་དང་། གསུང་རྟེན། ཐུགས་རྟེན། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་བཅས་ཚིག་བསྟུན་གྱིས་འདེགས་འབུལ་དང་མཇལ་ཞུ་གནང་ཡོད། རྡོ་རྗེ་སློབ་དཔོན་གསེར་ཀོང་རྡོ་རྗེ་འཆང་མཆོག་སྤྲུལ་རིན་པོ་ཆེས་མལ་ལྗགས་བཤད་སྐབས་མདོ་སྨད་དབུས་རྒྱུན་ལས་ཀྱི་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་ལགས་དང་། དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིན་འཛིན་ལགས་རྣམ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་བ་དང་སྦྲགས་འབུལ་དངོས་ཁག་རིམ་པས་སྤྱན་བསྟར་ཞུས་བསྟུན་༸རྒྱལ་བའི་ཞབས་བརྟན་སོགས་འདོན་བསྐུལ་གནང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་ནས་གཏང་རག་མལ་འདེགས་འབུལ་ཞུས་རྗེས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་དང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཅས་ལ་མཇལ་ཕྱག་སྩལ་གྲུབ་རྗེས་རྒྱུན་སྲོལ་བཞིན་ཉི་གཞོན་འཆར་ཀ་མ་དང་། སངས་རྒྱས་བསྟན་འབར་མ་སོགས་དབུ་བསྐུལ་གནང་སྟེ་༸གོང་ས་མཆོག་གསུང་རྭ་ནས་གཟིམ་ཆུང་བར་སྤྱན་རྒྱ་སྤོས་སྣེ་ཕུན་སུམ་ཚོགས་པས་གདན་དྲངས་ཏེ་ད་ཐེངས་ཀྱི་གསུང་ཆོས་དང་བརྟན་བཞུགས་སོགས་ལེགས་གྲུབ་བྱུང་ཡོད་པ་རེད་འདུག དད་སེམས་གཏོང་ནུས་ལྡན་པའི་གསུང་ཆོས་གོ་སྒྲིག་ཞུ་མཁན། མདོ་སྨད་ཆོལ་ཁ་དང་། བྱང་རྩེ་བླ་སྤྲུལ་ལྷན་ཚོགས། ཨ་མདོ་འཕེལ་རྒྱས་འདས་པོའི་ནང་མི། བལ་ཡུལ་ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར་ནང་མི། རྡ་ས་བློ་གྲོས་དཔལ་འབྱོར་ནང་མི་བཅས་དང་། བརྟན་བཞུགས་སྐབས་དབུས་གཞོན་ནུ་ལྷན་ཚོགས་དང་། སི་ལི་ཀུ་སྲད་རྒྱུད་གྲྭ་ཚང་གི་མ་དགོན་བཅས་ཀྱང་ཡོད་འདུག ཐེངས་འདིའི་གསུང་ཆོས་སུ་བཅར་བཞུགས་གནང་མཁན་རྒྱལ་ཁབ་ ༣༠ ཙམ་ཡོད་ཁོངས་ནས་ཕྱིའི་རྒྱལ་ཁབ་ཁག་ནས་མི་གྲངས་ ༡༥༠༠ ཙམ་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་མི་གྲངས་ ༡༠༠ ཙམ་དེ་བཞིན་བོད་འབྱོར་དང་། ས་གནས་ཡུལ་མི་བཅས་ཁྱོན་ཆོས་ཞུ་བ་མི་གྲངས་ ༢༥༠༠༠ བརྒལ་བ་བཅར་བཞུགས་གནང་ཡོད་འདུག །