༢༠༡༢ ཟླ་ ༨ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༣ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་གྱི་ཡི་ཤུའི་རྣམ་དག་གོས་དམར་འཛིན་པའི་ཆོས་དཔོན་ཧྲན་གོ་ཞི་མཆོག་ཕྱི་ཚེས་ ༢༢ ཕྱི་དྲོ་ཆུ་ཚོད་ ༦།༤༤ ཐོག་སྐུའི་འཕེན་པ་རྫོགས་པར་ཕྱི་ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་བརྒྱུད་སྩལ་ཡོད་པ་དེ་སྐུ་ཚབ་དོན་གཅོད་ལགས་ཀྱིས་གཙོས་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་དང་། ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་བཅས་ལྷན་དུ་ཐའེ་པེར་རྟེན་གཞི་བྱས་པའི་ཡི་ཤུའི་རྣམ་དག་ (Catholic Church) མཆོད་ཁང་ཆེན་མོར་བཅར་ནས་དབུ་འཛིན་ཆོས་བདག་ཧུང་ཧྲན་ཁྲོན་ལགས་མཇལ་འཕྲད་ཞུས་ཏེ་༸གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་འབུལ་ལམ་ཞུས་ཡོད་པ་མ་ཟད། ཆོས་དཔོན་དམ་པ་མཆོག་གི་སྤུར་སྒམ་མདུན་བོད་ལུགས་མཇལ་དར་ཡང་ཕུལ་ཏེ་གསོལ་འདེབས་ཞུས་ཡོད།
ཧྲན་གོ་ཞི་མཆོག་ནི་ཐེ་ཝན་ནང་ནས་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་གོས་དམར་འཛིན་པའི་ཆོས་དཔོན་གྱི་གདན་ཐོབ་ཡོད་པ་གཅིག་པུ་དེ་ཡིན་པ་དང་། ཕྱི་ལོ་ ༢༠༠༩ ལོར་༸གོང་ས་མཆོག་ཐེ་ཝན་དུ་ཆིབས་སྒྱུར་ཐེངས་གསུམ་པའི་སྐབས་ཆོས་དཔོན་དམ་པ་མཆོག་དང་མཇལ་འཕྲད་ཀྱིས་དབུ་ཁྲིད་རྣམ་གཉིས་མཇལ་མོལ་མཛད་མྱོང་ཡོད། སྐབས་དེར་རྒྱ་ནག་གཞུང་དང་ཐེ་ཝན་གྱི་རྒྱའི་བླ་ཆེན་རེ་ཟུང་ནས་མཇལ་མོལ་ཕྱིར་འཐེན་ཡོང་ཐབས་བྱས་ཡོད་ཀྱང་། ཆོས་དཔོན་དམ་པ་མཆོག་གིས་གནོན་ཤུགས་དེ་དག་ལ་གདོང་ལེན་མཐར་ཕྱིན་པ་གནང་ཡོད།
ཆོས་དཔོན་དམ་པ་ཁོང་དགོངས་པ་རྫོགས་རྗེས་ཀའོ་ཞུང་རྫོང་དཔོན་སོགས་དང་། གསར་འགྱུར་བརྒྱུད་ལམ་ཐོག་དེ་སྔ་ཕྱི་ལོ་ ༢༠༠༩ ལོའི་༸གོང་ས་མཆོག་དང་ཆོས་དཔོན་དམ་པ་རྣམ་གཉིས་ཀྱི་མཇལ་མོལ་མཛད་པ་དེ་དད་ལྡན་མང་ཚོགས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་ཐོག་ནས་དྲན་གསོ་བྱེད་བཞིན་ཡོད། ཆོས་དཔོན་དམ་པ་ཁོང་དགུང་གྲངས་ ༩༠ ལ་ཕེབས་ཡོད་པ་བཅས།།