༢༠༡༢ ཟླ་ ༨ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །འདི་གར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༡ ཉིན་སིམ་ལ་བོད་མིའི་གཏན་སློབ་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་ཀྱིས་ཆུ་ཚོད་ ༡༢་༠༠ ལ་གནྡིའི་ཐང་ཆེན་དུ་འབྱོར་ནས་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་འགོ་འཛུགས་ཞུས་ཡོད། དེ་ཡང་ཆུ་ཚོད་ ༢་༠༠ པའི་ཐོག་ས་གནས་འགོ་འཛིན་གྱིས་བདེན་པའི་མེ་ལྕེ་ལས་འགུལ་གྱི་ངོ་སྤྲོད་དང་འབྲེལ་མཛད་སྒོ་དབུ་འཛུགས་གནང་། དེ་ནས་ཧི་མ་ཅཱལ་གཙུག་ལག་སློབ་གྲྭའི་སྲིད་དོན་ཚན་རིག་མཁས་དབང་སྐུ་ཞབས་སུ་མིཏ་ཀུ་མར་(Sumit Kumar)མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བ་དང་། དེའི་རྗེས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ཧི་མ་ཅཱལ་གཙུག་ལག་སློབ་གྲྭའི་དཔལ་འབྱོར་ཚན་རིག་ཉམས་ཞིབ་པ་སྐུ་ཞབས་ཤྲ་ཝན་ཀུ་མར་(Shrawan Kumar)མཆོག་གིས་བོད་དོན་ཐོག་རྒྱབ་སྐྱོར་ཆ་ཚང་ཡོད་པའི་གཏམ་བཤད་གནང། དེ་ནས་སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་བྷི་ཇེ་པི་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ག་ནེ་ཤ་དཏྟ་(Ganesh Dutt)མཆོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར་དང་། རྒྱ་གར་གྱི་སྲུང་སྐྱོབ་ནི་བོད་ཀྱི་རང་དབང་ཁོ་ནར་རག་ལས་ཡོད་པ་སོགས་ཀྱི་གཏམ་བཤད་གནང།
ཕྱི་དྲོ་ཆུ་ཚོད་ ༥་༠༠ པ་བར་ས་རྟགས་བསྡུ་རུབ་གནང་བ་དང་། དེའི་མཚམས་མར་མེའི་ཁྲོམ་སྐོར་དང་སྨོན་ལམ་གསུང་འདོན་དང་འབྲེལ་བོད་དོན་སྐད་འབོད་གནང། ཕྱི་ཚེས་ ༢༢ ཉིན་དེ་ཁུལ་བོད་མི་ཚོས་བདེན་པའི་མེ་ལྕེ་བོད་མི་གནས་སྡོད་བྱེད་སའི་ས་ཁུལ་ཁག་གཅིག་དང་སྔ་འགྱུར་རྙིང་མ་པའི་དབུ་འཁྲིད་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་དགོན་པ་བར་སྐོར་བསྐྱོད་གནང་ཡོད། ཕྱི་ཚེས་ ༢༣ ཉིན་སིམ་ལ་ཁུལ་གྱི་ཉིན་མཐའ་མར་ཁྲོམ་གཞུང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་རྒྱུ་ཡིན་འདུག་པ་བཅས།།