༢༠༡༢ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་མཱ་མ་སི་ཇི་དི་ཆིག་སྒྲིལ་ཚོགས་པའི་ Jama Masjid United Forum ཚོགས་གཙོ་ཁ་ཆེའི་བླ་ཆེན་སྐུ་ཞབས་ས་ཡི་དི་ཡཱ་ཧཱ་བྷུ་ཁཱ་རི་ Mr. Syed Yahya Bukhari མཆོག་གི་གཟིམ་ཤག་ཏུ་བཅར་ཏེ་ཁོང་དང་མཇལ་འཕྲད་ཞུས་་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་བླ་ཆེན་མཆོག་དང་ཁ་ཆེའི་ཆོས་གྲོགས་ཚོར་ཁ་ཆེའི་ཆོས་ཕྱོགས་ཀྱི་དུས་ཆེན་ཧ་ཅང་རྩ་ཆེ་བ་ཨི་དིའི་(Eid) འཚམས་འདྲི་ཞུས་པ་དང་སྦྲགས། བོད་མིའི་བྱུང་རབས་ལོ་རྒྱུས་ཁྲོད་བོད་མི་ཁ་ཆེ་བ་རྣམས་ཀྱིས་བོད་མི་བྱིངས་དང་ལྷན་འཆམ་མཐུན་ངང་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ལོངས་སུ་སྤྱོད་ཐུབ་ཡོད་པ་མ་ཟད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་མི་ཁ་ཆེ་བ་ཚོར་ཁ་ཆེའི་ལྷ་ཁང་བཞེང་རྒྱུས་མཚོན་དམིགས་བསལ་གཟིགས་སྐྱོང་མཛད་ཡོད།
དེང་སྐབས་སུའང་རྒྱ་གར་ནང་བོད་མི་ཁ་ཆེ་ཡོད་པ་རྣམས་ཕལ་མོ་ཆེ་ཀ་ཤི་མི་རིའི་ནང་དུ་གནས་སྡོད་བྱེད་བཞིན་ཡོད་། ཁོང་ཚོས་བོད་མིའི་རིག་གཞུང་རྒྱུན་འཛིན་ཐོག་རང་གི་ཕ་མེས་ཀྱི་ཁ་ཆེའི་ཆོས་ཉམས་ལེན་བྱེད་བཞིན་ཡོད། ཅེས་གསུངས་པ་མ་ཟད། ཉེ་ལམ་ཁ་ཆེའི་སྤྱི་ཚོགས་ཁྲོད་བོད་མིར་མཐོང་ཚུལ་ལོག་པ་བཟོས་པའི་འཁྱོག་བཤད་ཀྱི་རྫུན་གཏམ་དེ་དག་གཞི་རྩ་མེད་པ་ཞིག་ཡིན་ཞེས་གསུངས་ཡོད། ལྷག་པར་བཀའ་ཁྲི་མཆོག་གིས་སྐབས་དེར་རྐྱེ་རྒུ་མདོར་ས་ཡོམ་བྱུང་སྐབས་ཀྱི་འདྲ་པར་ཁག་གཅིག་བླ་ཆེན་མཆོག་ལ་བསྟན་ནས། སྤྱི་ཚོགས་དཀྲོག་རྐྱེན་བཟོ་རྒྱུའི་པར་རིགས་དེ་དག་དོན་དངོས་ཕྱི་ལོ་ ༢༠༡༠ ལོར་བོད་མདོ་ཁམས་རྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་རྗེས། བོད་མི་དགེ་འདུན་པ་ཚོས་དྭངས་བླངས་ཐོག་ནས་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བའི་བོད་མི་བརྒྱ་ཕྲག་མང་པོའི་ཕུང་པོ་མཉམ་སྲེག་གི་ཞུགས་འབུལ་བྱེད་བཞིན་པའི་པར་རིགས་ཡིན་པ་ར་སྤྲོད་གསལ་པོ་གནང་ཡོད། ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བྷར་མའི་མང་གཙོ་དོན་གཉེར་བ་ལྕམ་སྐུ་ཨང་སང་སུ་ཀྱི་Ms. Aung Sang Sui Kyi མཆོག་ལ་གསུང་འཕྲིན་ཞིག་བཏང་གནང་མཛད་པ་བརྒྱུད། བྷར་མའི་ནང་རོ་ཧིང་རྒྱ་ Rohingya ཞེས་ཁ་ཆེའི་སྐྱབས་བཅོལ་བ་རྣམས་ལ་ཡུལ་མིས་དྲག་པོའི་རྒོལ་རྡུང་བཏང་བར་མགོན་པོ་གང་ཉིད་མཆོག་གིས་ཐུགས་འཚབ་ཧ་ཅང་མཛད་བཞིན་ཡོད་པ་བཀའ་སྩལ་ཡོད་སྐོར་ཞུས་པ་མ་ཟད།
༸གོང་ས་མཆོག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་གིས་ལྡི་ལིར་རྟེན་གཞི་བྱས་པའི་བྷར་མའི་གཞུང་ཚབ་པ་མཆོག་ལ་ཐུག་འཕྲད་གནང་རྒྱུ་བཀའ་སློབ་སྩལ་ཡོད་ཀྱང་གཞུང་ཚབ་ངོས་ནས་ད་བར་དུས་ཚོད་གཏན་འབེབས་གནང་མ་ཐུབ། ཅེས་བཀའ་ཁྲི་མཆོག་གིས་ཞུས། གཞན་ཡང་སྐབས་དེར་ཁ་ཆེའི་བླ་ཆེན་མཆོག་ནས་ཀྱང་ཇ་མཱ་མ་སི་ཇི་དིའི་ལྷ་ཁང་དུ་༸གོང་ས་མཆོག་ཕྱི་ལོ་ ༢༠༡༠ ལོར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་སྐབས་བླ་ཆེན་རང་ཉིད་ཀྱིས་ཕེབས་བསུར་བཅར་ཡོད་པ་མ་ཟད། ཁོང་གིས་དུས་རྟག་ཏུ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། བཀའ་ཁྲི་མཆོག་དང་མཇལ་འཕྲད་བྱུང་བ་དེར་ཁ་ཆེའི་བླ་ཆེན་མཆོག་ཧ་ཅང་དགའ་པོ་བྱུང་་། སླད་ཀྱང་བོད་མི་དང་ཁ་ཆེའི་དབར་མཐུན་ལམ་བཟང་པོ་བསྐྲུན་ཆེད་མཇལ་འཕྲད་དེ་འདྲ་ཡང་ཡང་གནང་དགོས་པའི་བསམ་ཚུལ་ཡང་འདོན་སྐབས། བཀའ་ཁྲི་མཆོག་ནས་ཀྱང་དེ་ལུགས་འབད་བརྩོན་གནང་རྒྱུ་ཡིན་སྐོར་ཞུས་ཏེ་མཇལ་འཕྲད་ལེགས་པར་གྲུབ། མཇལ་འཕྲད་སྐབས་ལྡི་ལིའི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་ཀྱང་མཉམ་ཞུགས་གནང་ཡོད། གཞན་ཡང་ཁ་ཆེའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་གཉིས་ཀྱི་གསར་འགོད་པ་ཆེད་ཕེབས་གནང་ཡོད་པ་བཅས།།