ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གི་ཕྱི་འབྲེལ་པུའུ་མགྲིན་ཚབ་པ་ཆིང་གྷང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ཐོག་མཁས་པའི་ཚོགས་ཚུང་གིས་བཏོན་པའི་སྙན་ཐོར་ངོས་ལེན་མེད་པའི་ལན་འདེབས་དང་གསལ་བཤད་བྱས་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཁུལ་དུ་ཕྱི་ཟླ་ ༣ པའི་ཞི་རྒོལ་ནས་བཟུང་མནར་གཅོད་འོག་བོད་མི་འདས་གྲོངས་ཕྱིན་པའི་སྐོར་ངོས་ལེན་བྱས་མེད་པ་རེད།
འོན་ཀྱང་བོད་ནང་རྒྱ་ནག་གཞུང་གི་སྤྱི་བདེ་མི་སྣ་དང་དྲག་ཆས་ཉེན་རྟོག་དམག་མིས་བོད་མི་ཞི་རྒོལ་བར་མུ་མཐུད་རྡུང་རྡེག་མནར་གཅོད་བཏང་སྟེ་འདས་གྲོངས་སོང་བའི་གནས་ཚུལ་ད་ལྟའང་མུ་མཐུད་ཐོན་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཁམས་མཛོ་སྒང་ཁུལ་དུ་བོད་མི་ཕོ་གཞོན་ཁག་གཅིག་ནས་བོད་ཀྱི་རྒྱལ་དར་འཁྱེར་ནས་ཞི་རྒོལ་བྱས་པར་བརྟེན། རྫོང་སྤྱི་བདེ་མི་སྣ་སོགས་ཀྱིས་འཛིན་བཟུང་བྱས་པའི་ཁོངས་པདྨཚེ་དཔག་རྒྱ་གཞུང་སྤྱི་བདེ་མི་སྣས་འཛིན་བཟུང་བྱེད་སྐབས་ཉེས་རྡུང་ཚད་མེད་བཏང་རྐྱེན་རྒྱུ་མ་དང་མཁལ་མར་གནོད་སྐྱོན་བཟོས་ཏེ་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ཚ་བ་མཛོ་སྒང་སྨན་ཁང་དུ་བསྐྱལ་ཡང་སྨན་བཅོས་ཀྱི་ཕན་འབྲས་མ་ཐོན་སྟབས། སླར་ཆབ་མདོ་ས་ཁུལ་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་བྱས་ཀྱང་ཕན་འབྲས་གང་ཡང་མ་བྱུང་བར་སྨན་ཁང་དུ་འདས་གྲོངས་སོང་སྟེ་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཁོང་ནི་སྐྱེས་ཡུལ་ཚ་བ་མཛོ་སྒང་རྫོང་སྤན་ཟླ་གྲོང་ནས་ཡིན་ཞིང་ད་ལྟ་རང་ལོ་ ༢༤ སོན་གྱི་ཡོད་ལ། མ་མིང་ལ་སྒྲོལ་དཀར་མཚོ་མོ་ཟེར་གྱི་ཡོད་པ་རེད། ཁོང་ནི་རྒྱུ་གཏན་རི་མོའི་ལག་ཤེས་ལྡན་པའི་གཞོན་སྐྱེས་ཤིག་ཡིན་པ་དང་། ཕྱི་ཟླ་ ༡ ཚེས་ ༢༣ ཉིན་པདྨ་ཚེ་དཔག་མནར་གཅོད་འོག་འདས་གྲོངས་སོང་རྗེས་ཕུང་པོ་ནང་མིར་རྩིས་སྤྲོད་མ་བྱས་པར། ས་གནས་འབྲེལ་ཡོད་ཚན་པས་བཙན་ཤེེད་ཀྱིས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་འདུག་ཅིང་། ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་བུ་གཡང་དར་རྒྱས་དང་། འཕྲིན་ལས་དངོས་གྲུབ་གཉིས་ལའང་ཉེས་རྡུང་བཏང་སྟེ་རྨས་སྐྱོན་ཚབས་ཆེ་ཕོག་པའི་ཁར། ཆབ་མདོ་ས་ཁུལ་གྱི་བཙོན་ཁང་ཞིག་ལ་མུ་མཐུད་བཀག་ཉར་བྱ་མུས་ཡིན་པ་མ་ཟད། ནོར་བུ་བཀྲིས་ཀྱང་མཛོ་སྒང་བཙོན་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པ་དང་། དེ་མིན་བདེ་ཆེན་སྒྲོལ་མ་དང་། འཕྲིན་ལས་རྒྱ་མཚོ། བློ་ལྷ་མཚོ་གསུམ་ཕྱི་ཟླ་ ༡ ཚེས་ ༢༤ གནས་སྐབས་རིང་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་བྱུང་འདུག