༢༠༡༢ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༩ དགོང་དྲོ་ཆུ་ཚོད་ ༤ པའི་ཐོག་བདེན་པའི་མེ་ལྕེ་སིམ་ལར་འབྱོར་བར་ཕེབས་བསུའི་ཆེད་ས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན་གྱིས་གཙོས་ཚོགས་སྡེ་སྐྱིད་སྡུག་ཁག་གི་མཛད་གཙོ་རྣམ་པས་སིམ་ལའི་ས་མཚམས་བར་བཅར། སིམ་ལར་འབྱོར་མཚམས་ཧི་མ་ཅཱལ་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀོལ་སིངྒ་ལགས་དང་ཧི་མ་ཅཱལ་ཀོང་རེ་སི་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ར་ཐོར་ལགས་གཉིས་ཀྱིས་ (Shri Kaul Singh Thakur Ji, President of Himachal Pradesh Congress Party དང་ Shri Rathore Ji, Spokesperson Himachal Pradesh Congress Party) བདེན་པའི་མེ་ལྕེར་ཕེབས་བསུ་དང་བཅས་རྒྱབ་སྐྱོར་མཚོན་ཆེད་འདྲ་པར་མཉམ་སྒྲོན་ཞུས་རྗེས་བཟོ་གྲྭའི་མཆོད་ཁང་ནང་ཚོགས་སྡེ་ཁག་གི་མཛད་གཙོ་རྣམ་པ་ལྷན་འཛོམས་ཐོག་སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་མཁན་ཀུ་ལུ་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་བཅས་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་ལྷན་རྟེན་འབྲེལ་གྱི་གསོལ་ཇ་བཞེས་ཏོག་ཕུལ། ཕྱི་ཚེས་ ༢༠ ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སིམ་ལ་ས་གནས་ཀྱི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་སན་ཇེ་ཅོ་ཧན་མཆོག་(Shimla Mayor Shri Sanjay Chauhan Ji) ནས་ཞུ་སྙན་ཐོག་རྒྱབ་སྐྱོར་གྱི་མཚན་རྟགས་བསྐྱོན་
པ་དང་དེ་མཚུངས་ཧི་མ་ཅལ་མངའ་སྡེའི་ཆེས་མཐོའི་མི་མང་རྟོག་ཞིབ་པ་ཟུར་པ་དང། གུ་ཇ་ར་ཐཱ། མདྱི་པྲ་དེཤ་དང་ཇ་མུ་ཀ་ཤི་མིར་བཅས་ཀྱི་ཁྲིམས་དཔོན་ཟུར་པ་སྐུ་ཞབས་བྷ་ཝ་ནི་སིངྒ་མཆོག་ Justice Bhawani Singh Ji, Former Chief Justice Gujurat, Madya Pradesh and J&K, former Lokayukta Himachal Pradesh ནས་ཞུ་སྙན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཞུས་པ་དང་སྦྲགས་མཚན་རྟགས་བསྐྱོན་ཡོད། དགོང་དྲོ་ཆུ་ཚོད་ ༤ ཐོག་བདེན་པའི་མེ་ལྕེ་སིམ་ལ་གཏན་སློབ་ཏུ་སྐོར་བསྐྱོད་གནང་སྟེ་མཛད་སྒོའི་ཐོག་ས་གནས་འགོ་འཛིན་དང་བོད་རིགས་སློབ་སྤྱིས་དགེ་ལས་སློབ་ཕྲུག་རྣམས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་སྐོར་ངོ་སྤྲོད་གསུང་བཤད་གནང་། ཕྱི་ཚེས་ ༢༡ ཉིན་སིམ་ལ་གྷན་དྷི་ཐང་ཆེན་དུ་མཛད་སྒོར་དཔོན་རིགས་ཁག་གདན་ཞུས་ཀྱིས་གསར་འགོད་གསལ་བསྒྲགས་དང་མར་མེའི་ཁྲོམ་སྐོར་ཞུ་འཆར་འདུག་པ་བཅས།།