༢༠༡༢ ཟླ་ ༨ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༧ ནས་ ༢༢ བར་བཀའ་ཁྲི་མཆོག་བྷི་ཧཱར་མངའ་སྡེའི་རྒྱལ་ས་པ་ཊི་ན་དང་ལྡི་ལི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག དེ་ཡང་བཀའ་ཁྲི་མཆོག་ཕྱི་ཚེས་ ༡༧ ཉིན་གྱི་ཕྱེད་ཆུ་ཚོད་ ༦།༣༠ རྡ་ས་ནས་པ་ཀོར་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང།
ཕྱི་ཚེས་ ༡༨ ཉིན་ལྡི་ལིར་ཁྱད་མཁས་མི་སྣ་ཁག་གཅིག་དང་མཇལ་མོལ་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་ཁུལ་དེ་ནས་བྷི་ཧཱར་གྱི་རྒྱལ་ས་པ་ཊི་ནར་ཕེབས་འབྱོར་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་སྲོལ་རྒྱུན་རིག་གཞུང་བསྟི་གནས་ཁང་སམ་ཀྲི་ཏི་གོ་རབ་སན་སི་ཐན་ (Sanskriti Gaurav Sansthan) ཞེས་པས་མགྲོན་འབོད་ཞུས་པ་ལྟར་ཚོགས་འདུར་གསུང་བཤད་གནང་རྒྱུ་སོགས་ཉིན་འཁྱོངས་གཞུང་འབྲེལ་ལས་དོན་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཉིན་དེའི་ཕྱི་དྲོར་ཁུལ་དེ་ནས་ལྡི་ལིར་ཕེབས་ཐོན་གྱིས་ཚེས་ ༢༠ ཉིན་གྱི་སྔ་དྲོར་ལྡི་ལིར་ཕེབས་འབྱོར་གནང་སྟེ་ཉིན་དེའི་ཆུ་ཚོད་ ༡༢ ཐོག་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ (Foreign correspondent`s Club) སུ་གསུང་བཤད་དང་དྲི་བ་རྣམས་ལ་ལན་འདེབས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༡ ཉིན་གནད་ཡོད་མི་སྣ་ཁ་གཅིག་དང་མཇལ་མོལ་གནང་རྗེས་ལྡི་ལི་ནས་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༢ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།
བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་ཕེབས།
གསར་གནས།
འབྲེལ་གནས།