༢༠༡༢ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༥ ཉིན་མོ་ནི་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་ནས་ལོ་ངོ་ ༦༥ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད་སྟབས། བོད་མི་རྣམས་ཀྱིས་རྒྱ་གར་རང་བཙན་ཉིན་མོར་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་རྡ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་རྡ་སར་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་ཐོག་རྡ་ས་ས་གནས་འགོ་འཛིན་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་མཐུན་འགྱུར་འོག་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་གར་ལ་རང་བཙན་ཐོབ་པའི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དུས་ཆེན་སྲུང་བརྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Ajay Singh Mankotia)ལགས་དང་། རྡ་ས་འགྲིམ་འགྲུལ་ཉེན་རྟོགས་འགོ་དཔོན་སྐུ་ཞབས་ཏི་ལཀ་རཱ་ཇི་ (Tilak Raj) ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྐུ་ཚབ། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་རྒྱུན་ལས་སྐུ་ཚབ་རྣམ་པ། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས། རྡ་སའི་ཚོགས་པ་ཁག་གི་སྐུ་ཚབ་མི་མང་བཅས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་ལྷན་འཛོམས་ཐོག་ཚང་མ་སྐུ་བཞེངས་ཀྱི་སྐུ་མགྲོན་གཙོ་བོས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་སྐབས་རྒྱ་གར་གྱི་རྒྱལ་གླུ་ཕུལ་རྗེས་རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་དུས་ཆེན་སྲུང་བརྩི་བྱེད་དགོས་པའི་ངོ་སྤྲོད་གསུང་བཤད་གྲུབ་བསྟུན་དྲིལ་བསྒྲགས་དྲུང་ཆེས་གསུང་བཤད་གནང་དོན། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གྱི་གྲོགས་པོ་གྲོགས་མོ་ཡོངས་ལ་དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདིར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་ནི་རྒྱ་གར་ལ་རང་བཙན་ཐོབ་སྟེ་མི་ལོ་ ༦༥ འཁོར་བའི་དུས་དྲན་ཁྱད་པར་ཅན་ཞིག་ཡིན། དེ་རིང་གི་ཉིན་མོ་འདིར་ང་ཚོ་ཚང་མས་དབྱིན་ཇིའི་སྲིད་གཞུང་ནས་རྒྱ་གར་ལ་རང་བཙན་ཐོབ་སླད་བློས་གཏོང་གནང་མཁན་རྒྱ་གར་གྱི་རླབས་ཆེན་དབུ་ཁྲིད་རྣམས་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུ་རྒྱུའི་ཉིན་མོ་ཡིན།
འདས་པའི་ལོ་ངོ་ ༦༥ ནང་རྒྱ་གར་གྱིས་དཔལ་འབྱོར་གནས་སྟངས་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་པར་བརྟེན། ད་ཆ་རྒྱ་གར་རྒྱལ་ཁབ་འདི་འཛམ་གླིང་ནང་དཔལ་འབྱོར་གྱི་ཐོག་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད། རྒྱ་གར་གྱི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་འདིས་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུར་བྱས་རྗེས་རླབས་ཆེན་བཞག་ཡོད། རྒྱ་གར་དང་བོད་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་ང་ཚོས་ཤེས་གསལ་རེད། བོད་ཀྱི་རིག་གཞུང་དེ་ནང་ཆོས་ལ་རྟེན་ཡོད་པ་དང། ནང་ཆོས་ནི་རྒྱ་གར་ནས་བྱུང་བ་ཞིག་ཡིན། དེ་རིང་གི་ཉིན་མོ་འདི་ནི་ང་ཚོ་བོད་པ་ཚོས་རྒྱ་གར་གཞུང་མང་གཉིས་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་འདས་པའི་ལོ་ངོ་ ༥༠ ལྷག་རིང་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད། ང་ཚོས་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨ་ཇེ་སིངྒ་མན་ཀོ་ཊི་ཡ་(Ajay Singh Mankotia) ལགས་ཀྱིས་གསུང་བཤད་གནང་དོན། དུས་ཆེན་སྲུང་བརྩི་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ད་ལྟ་ས་གནས་ཡུལ་མི་དང་བོད་མིའི་འབྲེལ་བར་བསྔགས་བརྗོད་གནང་ཡོད་པ་མ་ཟད། ལྷག་པར་ད་ལྟ་བོད་ནང་རང་ལུས་མེར་སྲེག་གཏོང་གནང་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། ཚང་མས་སོ་སོའི་གྲོས་ཚོགས་སོགས་ལ་ཞུ་གཏུག་གིས་བོད་དོན་རྒྱབ་སྐྱོར་སྔར་ལྷག་འཚོལ་རྒྱུ་གལ་ཆེ་ཆགས་ཡོད། དེ་བཞིན་ཁོང་གིས་འབྱུང་འགྱུར་བོད་ལ་རྒྱ་གར་ལྟར་རང་དབང་ཐོབ་ནས་རྟེན་འབྲེལ་གྱི་དགའ་སྟོན་མཉམ་དུ་སྲུང་བརྩི་ཞུ་རྒྱུའི་རེ་བ་ཡོད་སྐོར་ཡང་གསུང་བཤད་གནང་ཡོད། དེ་ནས་སློབ་ཕྲུག་ཁག་གཅིག་གིས་གཞས་སྣ་ཁག་འཁྲབ་སྟོན་ཞུས་རྗེས་མཛད་སྒོ་གྲོལ་བ་བཅས།།