ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུ་ (Russsia) དང་ཡུ་ཀེ་རན་(Ukraine) གྱི་གསར་འགོད་པ་ ༢༤ ནས་གསོལ་འདེབས་ཞུས་པར་ཞལ་བཞེས་བཀའ་དྲིན་སྩལ་སྨིན་བྱུང་བ་ལྟར་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༠ ཉིན་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་བཀའ་དྲི་ཞུས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ལན་ཕེབས་དོན། ཨུ་རུ་སུ་དང་ཡུ་ཀེ་རན་མི་མང་ཚོས་བརྒྱུད་རིམ་འགྲིམ་བཞིན་པའི་ནང་ཉམས་མྱོང་གསར་པ་མང་པོ་ཞིག་ཐོབ་བཞིན་ཡོད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཁོང་ཚོས་སེམས་ཐག་ཆོད་པོ་དང་ཕུགས་རེ་བཟང་པོ་བཟུང་ཐོག་ཞི་ལྷོད་ངང་སོ་སོའི་རྣམ་དཔྱོད་བེད་སྤྱོད་དགོས། ངོས་ཀྱིས་སེམས་ཁུར་གཙོ་བོ་དེ་ཨུ་རུ་སུ་དང་ཡུ་ཀེ་རན་ནང་འཆམ་མཐུན་དང་ཡར་རྒྱས་གོང་འཕེལ་སྔར་ལྷག་ཡོང་བ་ཞུ་བཞིན་ཡོད། ཅེས་བཀའ་ཕེབས་ཡོད།
དཔལ་འབྱོར་གྱི་གཉན་འཕྲང་དང་འཇིགས་སྐུལ་རིང་ལུགས་ཀྱི་བཙན་རྒོལ་སྐབས་ཞི་ལྷོད་དང་བདེ་སྐྱིད་ཡོང་ཐབས་གང་འདྲ་བྱེད་དགོས་མིན་སྐོར་ལ་བཀའ་དྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འགག་རྩ་དེ་ནམ་ཞག་རྒྱུན་དུ་རེ་བ་བཟང་ས་ཞིག་ནས་བརྒྱབ་སྟེ་བདེ་སྐྱིད་དང་ཞི་བདེའི་གནས་སྟངས་དེ་གཏན་འཇགས་ཡིན་པའི་འགན་ལེན་མེད་སྟབས་དུས་རྟག་ཏུ་འགྱུར་བ་ཡོང་གི་ཡོད་པར་ནན་ཏན་གྱིས་བསམ་དགོས་པ་རེད། དེ་བཞིན་རྒྱལ་ཁའི་དུས་ཡུན་དེ་གཏན་འཇགས་ཤིག་ཡིན་པར་ངོས་འཛིན་བྱེད་པའང་ནོར་འཁྲུལ་ཞིག་རེད། ཅེས་བཀའ་ལན་ཕེབས་ཡོད།
འཇིགས་སྐུལ་རིང་ལུགས་པའི་ཐད་ལ་བཀའ་གནང་དོན། དེ་ནི་གནོད་འཚེ་ཅན་གྱི་མིའི་ཚོགས་སྡེ་ཆུང་ཆུང་ཞིག་གིས་དེང་དུས་འཕྲུལ་ཆས་བེད་སྤྱོད་ལོག་པ་བཏང་བ་ལས་བྱུང་བ་ཞིག་ཡིན་པ་དང་། འོན་ཀྱང་ཞི་བདེའི་ཕྱོགས་ལ་འདོད་བློ་བཅང་མཁན་ནི་དེ་ལས་ཀྱང་མང་བ་དང་ཤུགས་ཆེ་བ་ཡོད། ཅེས་བཀའ་སྩལ་ཡོད།
༸གོང་ས་མཆོག་གིས་འགྲོ་བ་མིའི་ཡིད་ཆེས་གོང་མཐོར་གཏོང་རྒྱུའི་ཐད་ལ་བཀའ་སྩལ་དོན། དྲང་པོ་དང་། བདེན་པ། སེམས་པ་བཟང་པོ་བཅས་ནི་ཡིད་ཆེས་ཀྱི་གཞི་རྩ་རེད། གལ་ཏེ་ཁྱེད་རང་གིས་མི་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱས་ན་བཤུ་གཞོག་དང་མིའི་བདེ་སྐྱིད་གཏོར་སྐྱོན་གཏོང་གཞི་མ་དྲང་པ་དང་། མགོ་སྐོར་བསླུ་བྲིད། འཁྲུག་སློང་སོགས་ཡོང་གི་མེད། དེ་བཞིན་ངོ་ལྐོག་མེད་པ་དང་ཕྱི་གསལ་ནང་གསལ་དེ་ཡང་ཡིད་ཆེས་ཀྱི་གཞི་རྩ་ཡིན། ཟོག་རྫུ་དང་གཅིག་བསྡུས་ལམ་ལུགས་བཅས་ཀྱིས་དེ་གཏོར་བཤིག་གཏོང་གི་ཡོད། ཅེས་བཀའ་ཕེབས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་ལ་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༡ ཉིན་ཀལ་མིག་ལོ་གསར་གྱི་དུས་སྟོན་ལ་འཚམས་འདྲི་སྩལ་བ་དང་སྦྲགས་གསོལ་འདེབས་སྨོན་ལམ་ཡང་གནང་ཡོད་པ་རེད། ཀལ་མིག་ལོ་གསར་གྱི་ཉིན་དགེ་ལུགས་པའི་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་པའི་དུས་དྲན་དང་དུས་མཚུངས་ཁེལ་ཡོད་སྟབས་དེ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། དེར་ཀལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཏན་ཞལ་དང་། ཀལ་མིག་གྲོས་ཚོགས་ཀྱི་ཚོགས་གཞོན། ཏེེེ་ལོ་རིན་པོ་ཆེ་བཅས་སྨོན་ལམ་གསུང་འདོན་དུ་ལྷན་བཞུགས་གནང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀལ་མིག་མི་མང་ལ་གསུང་འཕྲིན་ཞིག་སྩལ་བའི་ནང་། རྗེ་ཙོང་ཁ་པ་ཆེན་པོའི་ཁྱད་དུ་འཕགས་པའི་བསྟན་བཅོས་དང་། ལྗགས་རྩོམ་ལ་དོ་སྣང་དང་སློབ་སྦྱོང་གནང་དགོས་པའི་བཀའ་སློབ་ལམ་སྟོན་བཟང་པོ་ཕེབས་ཡོད་པའི་གནས་བསྡུས་སུ།།