༢༠༡༢ ཟླ་༨ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ ལྷག་དཀར་ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་བོད་རིགས་ཚོགས་པས་གོ་སྒྲིག་འོག་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་འགན་འཁུར་ཞུས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུས་ཡོད།
དེ་ཡང་དེ་ཉིན་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་དེར་འདུས་བོད་མི་རྣམས་ལ་བོད་ནང་ཛ་དྲག་གི་གནས་སྟངས་ཐོག་བསམ་ཞིབ་ཀྱིས་བོད་མི་སྒེར་པ་སོ་སོའི་བོད་ཀྱི་རྩ་དོན་ཆེད་གང་བྱེད་ཐུབ་ཀྱི་ཡོད་མེད་མནོ་བསམ་ཡག་པོ་གཏོང་དགོས་ཞེས་གསུངས་པ་དང་ཆབས་ཅིག ཁོང་གིས་དེར་འདུས་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ལས་འགུལ་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་ལྷན་བོད་མིའི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད། ཕྱོགས་མཚུངས་ཁོང་གིས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་པས་འགན་ཁུར་བཞེས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་དང་འབྲེལ་བའི་བཀའ་བློན་ཁྲི་པའི་གསུང་བཤད་སྒྲོགས་སྦྱང་གནང་ཡོད། དེ་བཞིན་སྐབས་དེར་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་སྤེན་པ་བློ་བཟང་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་བཅས་ཀྱིས་གདོང་ལེན་གནང་ཕྱོགས་གོ་བསྡུར་སླད་རིང་མིན་ཕྱི་ཟླ་ ༩ པའི་ནང་འཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་ཆེད་བསམ་འཆར་བསྡུ་རུབ་ཀྱི་ཚོགས་འདུར་ངེས་ཕེབས་དགོས་སྐོར་གསུངས་ཡོད། དེ་རྗེས་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་རྣམས་དབུ་བཞུགས་ཐོག་སྨོན་ལམ་གསུང་འདོན་གནང་ཡོད་པ་བཅས།།