༢༠༡༢ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུའི་ཉིན་དགེ་ལུགས་སྤྱི་ཟུར་བེ་རེ་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། ཆེས་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ལ། མདོ་ཁམས་བསྟན་པའི་སྒྲོན་མེ་ཀླུ་སྦྱིན་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དབྱངས་དཔལ་བཟང་པོ་མཆོག་ཕྱི་ལོ་ ༢༠༡༢ ཚེས ༨ ཚེས ༣ གྱི་མཚན་མོ་ཆུ་ཚོད་༡ ། ༢༣ ཐོག དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག ཁོང་ཉིད་དགོངས་པ་ཞི་བར་གཤེགས་སྐབས་དགུང་ལོ་ ༨༤ ལ་ཕེབས་ཡོད་ཅིང་། དེའི་སྔོན་དུ་སྐུ་གཟུགས་ཅུང་མི་བདེ་བ་ཡོད་པས་སློབ་མ་ཚོས་ཁྲིན་ཏུར་སྨན་བཅོས་ཞུས་ནའང་། ཁོང་གིས་དུས་ལ་བབས་དུས་བཅོས་སུ་མེད་པས་ཕྱིར་ཕེབས་དགོས་པའི་བཀའ་གནང་བ་ལྟར། དཀར་མཛེས་ཁུལ་དཀར་མཛེས་དགོན་དུ་གདན་དྲངས། དགོན་པ་གཞུང་དང་སྤྲུལ་སྐུ་ཆེ་ཆུང་ཕལ་ཆེ་བ། དེ་བཞིན་སྙུགས་མར་གནས་པ་དང་རྒྱ་དཀར་ནག་གང་ས་ནས་འདུས་པའི་སློབ་མ་སྟོང་ཕྲག་མང་པོ་དང་། ཡུལ་མི་སོགས་མདོར་ན་དཀར་མཛེས་ཁུལ་གྱི་ཡུལ་དགོན་སྡེ་གསུམ་གྱིས་རང་འགུལ་ངང་དམ་པ་གང་གི་ཞབས་རིམ་ཆེད་རྣམ་དཀར་དགེ་སྒྲུབ་བློ་ཡུལ་དུ་མི་ཤོངས་པ་ཞུས་པ་དང་། ཛ་དྲག་གི་གནས་ཚུལ་དེ་གོ་མ་ཐག་བྱེས་འབྱོར་གདན་གསུམ་རྒྱུད་གྲྭ་གང་སར་ཡོད་པའི་བུ་སློབ་དང་། འབྲེལ་ཡོད་ཁག་གིས་རྣམ་དཀར་དགེ་སྒྲུབ་ཀྱི་ཞབས་རིམ་རྒྱ་ཆེར་ཞུས་ཤིང་། དགོངས་པ་ཞི་བར་གཤེགས་རྗེས་སུའང་། དཀར་མཛེས་དགོན་པ་གཙོས་དགོན་པ་ཁག་གིས་གྲྭ་བཙུན་སྟོང་ཕྲག་མང་པོས་དགོངས་རྫོགས་མཆོད་སྤྲིན་རྒྱ་ཆེན་བསྟར་བཞིན་པར་མ་ཟད། བྱེས་འབྱོར་སེར་འབྲས་དགའ་གསུམ་དུའང་འབྲེལ་ཡོད་གྲྭ་ཚང་དང་ཁང་ཚན་བཅས་པས་དགོངས་རྫོགས་མཆོད་སྤྲིན་རྒྱ་ཆེར་བསྟར་བཞིན་ཡོད།
དམ་པ་ཁོང་གི་ཕྱི་ལོ་ ༡༩༢༩ མདོ་ཁམས་ཏྲེ་ཧོར་དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་ཉིན་མོ་ཕྱོགས་ཀླུ་སྦྱིན་གྲོང་དུ་སྐུ་བལྟམས། དགུང་ལོ་བདུན་ནས་ཡི་གེ་འབྲི་ཀློག་བསླབ། ཕྱི་ལོ་ ༡༩༣༩ ལོར་དཀར་མཛེས་དགོན་དུ་ཆོས་ཞུགས་གནང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དགོན་དེའི་ཆོས་སྤྱོད་ཆོ་ག་དང་རྒྱན་འཇུག་སོགས་ཐུགས་འཛིན་གནང་། ཕྱི་ལོ་ ༡༩༤༨ ལོར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ནས་གདན་ས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་། རྒྱན་དྲུག་མཆོག་གཉིས་འདྲ་བའི་བཤེས་གཉེན་དུ་མའི་ཞལ་སྔ་ནས་གཞུང་ཆེན་ཁག་ལ་རྩོད་སྒྲུབ་རིག་པའི་ལམ་ནས་བསླབ་པ་མཁས་པའི་མཚན་སྙན་རྒྱས་ཏེ། སྐབས་དེ་དུས་མདོ་དབུས་སྐོར་གསུམ་གྱི་སློབ་མ་བརྒྱ་ཕྲག་མ་ཟིན་འདུས། ལྷག་པར་བཤེས་གཉེན་བསྟེན་ཚུལ་ཆེས་ཕུལ་དུ་ཕྱིན་པའི་མཚན་སྙན་སེར་བྱེས་སྨད་གཉིས་སུ་ད་ལྟའི་བར་དུའང་དཔེ་མཚོན་དུ་གྲགས། གདན་སར་བཞུགས་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་ཟུར། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ། སྐྱབས་རྗེ་བྲག་རི་རྡོ་རྗེ་འཆང་། སྐྱབས་རྗེ་ལྷ་བཙུན་རིན་པོ་ཆེ། སེར་བྱེས་མཁན་ཟུར་བློ་བཟང་དབང་ཕྱུག་སོགས་དགེ་ལྡན་བསྟན་པའི་སྲོག་ཤིང་འཆང་པའི་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེན་ཞུས། ༡༩༥༩ལོ་དུས་འགྱུར་སྐབས་རྒྱ་དམར་གྱིས་བཙོན་དུ་བཟུང་ནས། ཁམས་མི་ཉག་དར་མདོ་ལྔ་མཆོད་དགོན་པ་བཙོན་ཁང་དུ་བསྒྱུར་བའི་ནང་དུ། བླ་སྤྲུལ་དང་གྲྭ་རྐྱང་དེ་བཞིན་ས་གནས་གང་ས་ནས་འཛིན་བཟུང་བྱས་པའི་ཉེས་མེད་བཙོན་པ་སྟོང་ཕྲག་མཉམ་དུ་སྡུག་ལས་སྣ་ཚོགས་མྱོང་དགོས་བྱུང་། ཕྱི་ལོ་ ༡༩༦༢ ནས དཀར་མཛེས་འཁྲུངས་ཡུལ་དུ་ཕྱིར་གློད་པ་དང་། ཁུལ་དེར་ས་ཞབས་དགོན་པ་བཙུགས་ནས་ལོ་བཞི་རིང་གྲོང་སྡེ་ཁག་ལྔས་བསྟན་སྲིད་ལ་སྨན་པའི་ཞབས་རིམ་རྒྱ་ཆེར་བསྒྲུབས། དེའི་རྐྱེན་གྱིས་ཕྱི་ལོ་ ༡༩༦༥ ལོར་ཡང་བསྐྱར་བཙོན་དུ་ལོ་གཅིག་བཞུགས་དགོས་བྱུང་། བཙོན་ནས་གློད་བཀྲོལ་བྱུང་བ་དང་གྲོང་སྡེའི་ལུག་རྫི་དང་ལྕང་སྲུང་ལ་བཞག་པ་ལྟར། ལྐོག་ཏུ་དོན་གཉེར་ཅན་མང་པོར་ལམ་རིམ་སོགས་མདོ་སྔགས་ཀྱི་ཆོས་ཚུལ་དུ་མའི་ཁྲིད་རྒྱུན་སྤེལ་བས། དེ་དུས་ནས་སློབ་ཚོགས་ཤིན་ཏུ་མང་པོ་འཕེལ། ཕྱི་ལོ་༡༩༨༠ ལོར་སྲིད་བྱུས་གུ་ཡངས་བྱུང་བ་དང་རྫོང་རབ་ཏུ་བྱ་བྲལ་ལ་ཕེབས། དེ་ན་རང་འགུལ་གྱིས་སླེབས་པའི་སློབ་ཚོགས་མང་པོ་ལ་འཆད་ཁྲིད་དང་སྒྲུབ་པ་ཉམས་ལེན་རྒྱ་ཆེར་གནང་། ཕྱི་ལོ་ ༡༩༨༡ ལོར་ཆོས་སྒོ་ཕྱེས་པ་དང་སྐྱེས་ཆེན་དུ་མས་ནན་བསྐུལ་གྱི་ངོ་མ་ལྡོག་པར་འཁྲུངས་ཡུལ་དུ་ཕེབས་ཏེ། སྟོད་སྨད་གང་ས་ནས་འབྱོར་པའི་སློབ་མ་བརྒྱ་ཕྲག་ལྷག་ཙམ་ལ་རིགས་ལམ་དང་ལམ་རིམ་གྱི་འཆད་འཁྲིད་སྤེལ། དཀར་མཛེས་དགོན་དུ་དུས་བཞིའི་མཚན་ཉིད་ཆོས་གྲྭ་གསར་འཛུགས་གནང་། ད་ལྟའི་བར་དུ་གཞུང་ཆེན་པོད་ལྔའི་རྩོད་གྲྭ་གྲ་མ་ཉམས་པར་གནས་པ་ལས། འཕགས་བོད་གཉིས་སུ་མཁས་པའི་མཚན་སྙན་འབར་བའང་མི་ཉུང་བ་བྱུང་། ཕྱི་ལོ་༡༩༨༧ ལོར་དཀར་མཛེས་དགོན་གྱི་མཁན་ཁྲིར་ཕེབས་ནས་ཧོར་ཁོག་དགོན་སྡེ་དུ་མའི་སློབ་མ་ཧ་ཅང་མང་པོ་འདུས་པ་རྣམས་ལ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། སྟོད་སྨད་ཀྱི་དགོན་སྡེ་དུ་མས་གདན་ཞུས་ལྟར་ཕེབས་ནས་ཀྱང་དམ་པའི་ཆོས་ཀྱི་འགྲོ་དོན་རྒྱ་ཆེར་བསྐྱངས། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་དུ་ཕེབས་ནས་༸གོང་ས་མཆོག་ལ་མཇལ་བཅར་གྱི་སྐལ་བཟང་ཐོབ་སྐབས། སྐྱབས་འགྲོའི་ཁྲིད་ལུང་གནང་རོགས་ཞུས་པས། ༸གོང་ས་མཆོག་ཤིན་ཏུ་མཉེས་ཏེ་བཀའ་སློབ་དང་བཀའ་ཆོས་དུ་མའི་ནང་ཁམས་ཀྱི་བླ་མ་ཞིག་མཇལ་བཅར་སྐབས། འདི་ལྟར་གསུངས་པ་ནི་བསྟན་པའི་གནད་མཁྱེན་པའི་རྟགས་རེད་ཅེས་ཡང་ཡང་བསྔགས་བརྗོད་མཛད་མྱོང་།
ཁོང་གིས་སྐྱོང་བའི་སློབ་མ་ནི། དགེ་ཚུལ་དགེ་སློང་སོགས་སོར་བྱང་སྔགས་གསུམ་གྱི་སྡོམ་པ་གནང་བ་དང་། མདོ་སྔགས་ཀྱི་ལམ་རིམ་དང་། གཞུང་ཆེན་གྱི་བཀའ་ཁྲིད་། ད་དུང་དབང་ལུང་མན་ངག་གནང་བའི་སློབ་མ་ཁྲི་ཕྲག་དུ་མ་ཡོད་པའི་ནང་ནས། གྲྭ་བཙུན་ཁོ་ན་སྟོང་ཕྲག་དུ་མ་ཡོད། དེ་དག་གི་ནང་ནས་གདན་ས་ཁག་དང་རྒྱུད་གྲྭ་རྣམས་སུ་མདོ་སྔགས་རབ་འབྱམས་པ་སྨྲ་བ་དང་། བསྟན་སྲིད་མི་རིགས་རིག་གཞུང་གང་སར་རླབས་ཆེན་གྱི་ལས་དོན་བསྒྲུབ་དང་སྒྲུབ་བཞིན་པའི་སློབ་མ་ཡང་བརྒྱ་ཕྲག་བརྒལ་བ་ཡོད། ཁོང་གི་མཛད་པ་རྣམ་ཐར་གྱི་ཆ་ཤས་གལ་ཆེ་ཤོས་ནི། བསྟན་འཛིན་དང་སྐྱེས་ཆེན་རློམ་པ་ཁག་གཅིག་བཞིན། ནང་ཆོས་དང་མི་རིགས་ཀྱི་དར་ཆ་འཕྱར་ནས། རྒྱ་དཀར་ནག་སེར་གསུམ་ལ་རྒྱུག་བར་དོའི་རྣམ་ཤེས་བཞིན་རྒྱུགས། ནག་ཆང་དངུལ་གསུམ་ལ་ཐུགས་དམ་གྱི་མཐིལ་དུ་མཛད། གཡོ་སྒྱུ་ཁྲམ་གསུམ་ལ་འཕྲིན་ལས་ཀྱི་སྲོག་ཏུ་བཅོལ། ལྟོ་གོས་གཏམ་ལ་ཞེན་ཆགས་ཁྲག་མཚོ་འཁོལ་ནས། ལྷ་མཆོད། འདྲེ་རྡུང་། བཙན་གསོལ་མཁན་དེའི་གྲས་ཀྱིས་གཞར་ཡང་མ་དགོས་པར་བཀའ་གདམས་གོང་མའི་རྣམ་ཐར་གཙང་མ་བདག་གིས་བསྐྱངས་ཏེ། བཤེས་གཉེན་བསྟེན་ཚུལ་ཕུལ་དུ་བྱུང་ཞིང་། སློབ་མ་སྐྱོང་བའི་ཐབས་ལ་མཁས་པ། བསྟན་སྲིད་ཀྱི་དོན་དུ་གང་ཞིག་བློས་བཏང་དགོས་ནའང་གཏོང་ནུས་པ། ལྷག་དོན་༸གོང་ས་མཆོག་གི་སྔ་ཕྱི་རིམ་བརྒྱུད་ཀྱི་བཀའ་སློབ་ལམ་སྟོན་གཞི་བཟུང་གིས་བོད་ཤར་ཕྱོགས་ཁུལ་གྱིས་ས་ཁུལ་དང་མི་འབོར་དང་ས་བབ་གང་ས་ཅི་ཐད་ནས་གལ་ཆེ་ཤེས་སུ་ཆགས་པའི་དཀར་མཛེས་ཁུལ་གྱི་ཡུལ་དགོན་གསུམ་ཀ བོད་བསྟན་སྲིད་ལ་སྨོན་པའི་རླབས་ཆེན་གྱི་བྱ་གཞག་རྒྱ་ཆེར་བསྐྲུན་པ་དང་། དེ་ལས་ལྡོག་པའི་རྙོག་གླེང་གང་ཡང་མང་ཚོགས་ཁྲོད་ནས་བྱུང་མྱོང་མེད་པ་སོགས་ནི་དམ་པ་གང་གི་རླབས་ཆེན་གྱི་ཐུགས་བསྐྱེད་དང་།་དེ་ལས་འཕྲོས་པའི་འོད་སྣང་ལས་བྱུང་བ་ཞིག་ཡིན་པས། མདོ་ཁམས་ཕྱོགས་སུ་བསྟན་སྲིད་གཉིས་ཀའི་ཐོག་ལ་གཞན་དྲིང་མི་འཇོག་པའི་དོན་དངོས་ཀྱི་བཀའ་དྲིན་ཆེ་ཤོས་དེ་ཡིན་འདུག་པ་བཅས།།