ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །སྔ་ལོའི་གསུམ་བཅུའི་དུས་དྲན་སྐབས་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་དཀར་མཛེས་གུ་རུ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༢ ཉིན་འབྲེལ་ཡོད་རྫོང་ཚན་པ་བརྒྱུད་སྨན་བཅོས་གན་རྒྱའི་ཐོག་གློད་བཀྲོལ་བཏང་དགོས་པའི་གནས་ཚུལ་བྱུང་འདུག གུ་རུ་རྡོ་རྗེ་ལགས་ནི་རང་ལོ་ ༤༩ སོན་པའི་ཁྱིམ་འཛིན་ཕྲུ་གུ་བཞིའི་ཕ་ཡིན་འདུག སྔ་ལོ་ཕྱི་ཟླ་ ༣ ནས་བོད་ཆོལ་ཁ་གསུམ་ནང་རྩམ་ཟན་བོད་མི་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཆོལ་གསུམ་ས་ཁྱོན་ཁག་ནང་ཞི་རྒོལ་ཆེན་མོའི་ཡོ་ལངས་ཀྱི་མེ་ལྕེ་འཚེར་སྐབས་ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཁོངས་སུ་ཞི་རྒོལ་ཆེན་མོའི་སྐབས་སྐད་འབོད་ནང་མཉམ་ཞུགས་གནང་བར་བརྟེན་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་དཀར་མཛེས་ས་ཁུལ་མི་མང་ཁྲིམས་ཁང་ནས་ལོ་ ༣ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། བཙོན་བཅུག་རིང་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་རྐྱེན་ལུས་པོ་བེད་མེད་དུ་གྱུར་རྗེས་དར་རྩེ་མདོ་ཁུལ་གྱི་སྨན་ཁང་དུ་བསྐྱལ་ཏེ་སྤྱི་བདེ་ཉེན་རྟོག་ལས་ཁུངས་བརྒྱུད་ནང་མིར་རྩིས་ལེན་དགོས་པའི་བརྡ་ལན་བཏང་ཡོད་འདུག ཡིན་ནའང་སེམས་པ་སྐྱོ་དགོས་པ་ཞིག་ལ། རྒྱལ་ཞེན་ཆེ་བའི་དཔའ་བོ་ཁོང་རྒྱ་དམག་སྤྱང་ཁྱུས་འཛིན་བཟུང་དང་། བཙོན་འཇུག་བྱེད་རིང་ཁོང་རང་གི་བཟའ་ཟླ་སྡུག་བསྔལ་གྱིས་རིག་འཚོ་མ་ཟིན་པའི་གནས་སྟངས་ཐོས་རྗེས་འབྲེལ་ཡོད་ཚན་པར་ཐུག་འཕྲད་ཐེངས་གཅིག་ཡོང་བའི་རེ་འདུན་ཐེངས་མང་བཏོན་ཡང་དོན་འབྲས་མ་སོན་སྟབས་ཕྱི་ཟླ་ ༤ ཚེས་ ༡༩ ཉིན་བཟའ་ཟླ་ཤེས་རབ་གཡང་མཚོ་ཡང་སྡུག་བསྔལ་གྱིས་མ་བཟོད་པར་ཕྱི་མའི་སྔ་ལམ་དུ་གྱུར་བ་དང་། ཁྱིམ་དུ་བསམ་རྒྱ་ཆུང་ལ་རང་སྐྱ་མི་འཕེར་བའི་ཕྲུ་གུ་གཉིས་མ་གཏོགས་མེད་སྟབས་སྨན་ཁང་དུ་ཡུལ་མི་ཁག་གཅིག་བསྐྱོད་དེ་རྩིས་ལེན་གནང་འདུག འོན་ཏང་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་རྒྱལ་གཅེས་པ་གུ་རུ་རྡོ་རྗེ་ལགས་ཡུལ་མིར་རྩིས་སྤྲོད་མ་བྱས་གོང་རྟིང་སོར་དྲག་སྐྱེད་བྱུང་ཚེ་ངོ་རྒོལ་ལས་འགུལ་སོགས་ནང་མཉམ་ཞུགས་མི་ཆོག་པའི་འགན་ལེན་ཡུལ་མིར་ས་རྟགས་བཀོད་དུ་བཅུག་ཡོད་པ་མ་ཟད། ཁོང་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་སྟབས་མི་གཉིས་ནས་གཡས་སྐྱོར་གཡོན་སྐྱོར་བྱས་ན་མ་གཏོགས་རང་འཚོ་རང་ཟིན་ཐོག་ནས་འགྲོ་བསྐྱོད་ཐུབ་རྒྱུའི་གནས་སྟངས་རྩ་བ་ནས་མེད་པ་གསལ་ཤེས་ཐུབ་ཡོད། བྱེས་འབྱོར་བོད་མི་ཡོངས་ནས་མགོ་བཏེགས་བྲང་རྡུང་དང་། ལག་གདང་དཔུང་སྦྲེལ་གྱིས་དུས་ཚོད་སྐར་ཆ་གཅིག་ཙམ་ཡང་འཕྲོ་བརླག་ཏུ་མ་གཏང་བར་གཞིས་བཞུགས་བོད་མིའི་སྙིང་སྟོབས་ལ་བསམ་གཞིགས་དང་གདུང་སེམས་མཉམ་བསྐྱེད་དགོས་རྒྱུ་ནི་ང་ཚོའི་འགན་འཁྲིའི་གཙོ་དོན་ཡིན།།