ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བན་ཀི་མོན་མཆོག་ནས། རྒྱ་ནག་གི་དཔོན་རིགས་ཚོས་གནད་དོན་ཚང་མ་མུ་མཐུད་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་བྱེད་པའི་རེ་བ་ཡོད། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་ལོ་ཤས་སྔོན་ནས་འབྲེལ་མོལ་འགོ་འཛུགས་བྱུང་བ་རེད། བོད་པའི་སེམས་ཚོར་ཚང་མ་ཞི་འཇམ་དང་འཆམས་མཐུན་གྱི་སྒོ་ནས་ཐག་གཅོད་ཡོང་ཆེད་ལྷག་བསམ་རྣམ་དག་གི་སྒོ་ནས་འབྲེལ་མོལ་མུ་མཐུད་པའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་པར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དགའ་བསུ་ཞུ་རྒྱུ་ཡིན།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་གཏམ་བཤད་སྤེལ་བ་དེས་ད་ལྟའི་བོད་ནང་གི་ཡ་ང་བའི་གནས་སྟངས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་སེམས་ཚོར་ཡོད་པ་མཚོན་གྱི་ཡོད། དེ་ལྟ་བུའི་གཏམ་བཤད་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་གནད་དོན་དེ་བོད་རྒྱ་མི་རིགས་གཉིས་ཀའི་འདོད་བློ་ཚིམས་པ་ཞིག་ཐག་གཅོད་ཡོང་བར་སྐུལ་འདེད་བྱེད་པའི་ཡིད་ཆེས་ཞུ་གི་ཡོད།
དེ་དང་དུས་མཚུངས་བློ་འཚབ་སྐྱེ་གཞི་ཞིག་ལ་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ནས་སྤྱི་ཁྱབ་དྲུང་ཆེའི་གཏམ་བཤད་ཀྱི་ལན་དུ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འབྲེལ་མོལ་མདུན་བསྐྱོད་ཐུབ་ཐབས་མེད་པའི་སྔོན་འགྲོའི་ཆ་རྐྱེན་དུ་མ་བསྐྱར་ཟློས་བྱེད་པའི་སྒོ་ནས་འབྲེལ་མོལ་གྱི་རྒྱལ་སྒོ་ད་དུང་ཡང་ཕྱེ་བཞིན་པ་ཡིན་ཞེས་བཤད་འདུག
གསལ་བསྒྲགས་ནང་། “འགག་རྩ་ནི་ཏཱ་ལའི་བླ་མས་རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་ཞིབ་འཇུག་དང་། ཆབ་སྲིད་ལངས་ཕྱོགས་ལེགས་བཅོས་བྱེད་མིན། བོད་རང་བཙན་གྱི་ནོར་འཁྲུལ་ཅན་གྱི་ལངས་ཕྱོགས་དོར་མིན། དངོས་སུ་ཁ་བཤད་དང་ལག་ལེན་མཚུངས་མིན་བཅས་ལ་རག་ལུས་ཡོད།” ཅེས་བཀོད་འདུག
དོན་དངོས་ཐོག་རྒྱ་ནག་གི་དཔོན་རིགས་ཚོའི་ལྟ་ཚུལ་འདི་ནི་འབྲེལ་མོལ་གྱི་ལས་རིམ་མདུན་བསྐྱོད་བྱེད་པར་འགོག་རྐྱེན་གཙོ་བོ་དེ་ཆགས་ཡོད། ལྟ་ཚུལ་དེས་འབྲེལ་མོལ་མདུན་བསྐྱོད་བྱེད་པའི་སྒོ་གཏན་པོ་བརྒྱབས་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༧༩ ནས་བཟུང་གཉིས་སྨན་དབུ་མའི་ལམ་གྱི་བཞེངས་ཕྱོགས་མཐའ་འཁྱོངས་གནང་ཡོད། ༸གོང་ས་མཆོག་གིས་བོད་རང་བཙན་རྩོད་གནང་གི་མེད་སྟབས། ༸གོང་ས་མཆོག་གི་ཆབ་སྲིད་བཞེངས་ཕྱོགས་ལེགས་བཅོས་གནང་དགོས་པའི་རྒྱུ་མཚན་གང་ཡང་མེད། ཁོང་གི་ཞལ་བཞེས་དང་ཕྱག་ལེན་ཡོངས་སུ་མཐུན་ཡོད། ༸གོང་ས་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་རིང་བོད་རང་བཙན་རྩོད་ཀྱི་མེད་པ་འཛམ་གླིང་ཡོངས་ཀྱིས་མཁྱེན་གསལ་རེད། དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་རང་བཙན་གྱི་ནོར་འཁྲུལ་ཅན་གྱི་ལངས་ཕྱོགས་ཞེས་པ་ནི་གཞི་རྩ་མེད་པ་དང་ཁུངས་འཁྱོལ་མི་ཐུབ་པ་ཞིག་རེད། ཁོ་ཚོའི་བསམ་བློའི་ནང་ཡོད་པའི་༸གོང་ས་མཆོག་གི་བོད་རང་བཙན་གྱི་ལངས་ཕྱོགས་ཟེར་བ་དེས་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་བསྒྲུབ་ཆེད་༸གོང་ས་མཆོག་གི་དགོངས་པར་འཁྱོག་བཤད་བྱེད་འདོད་པའམ། ཡང་ན་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཆོད་སེམས་མེད་པ་གསལ་བཏོན་བྱེད་ཀྱི་ཡོད། ༸གོང་ས་མཆོག་གིས་བོད་རང་བཙན་དང་། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་རྩོད་ཚུལ་བཤད་པ་ནི་བདེན་པའི་གཞི་རྩ་དང་ཡོངས་སུ་བྲལ་བ་ཞིག་རེད། འདི་ལྟ་བུའི་རྫུན་གཏམ་གྱི་གསལ་བསྒྲགས་དེས་མཁྱེན་དཔྱོད་ཡངས་པའི་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་བསླུ་འབྲིད་གཏོང་མི་ཐུབ་པ་ང་ཚོར་གདེང་ཚོད་ཡོད།
ཕྱི་ཟླ་ ༡༡ ནང་པེ་ཅིང་དུ་ཚོགས་པའི་བོད་རྒྱ་འབྲེལ་མོལ་མཐའ་མའི་སྐབས་དེ་སྔོན་འབྲེལ་མོལ་ཐེངས་བདུན་པར་རྒྱ་ཕྱོགས་ནས་བཤད་པ་ལྟར་༸གོང་ས་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སྤྲད་ཡོད། བསམ་འཆར་ནང་མིང་དོན་མཚུངས་པའི་རང་སྐྱོང་སྐོར་གྱི་ང་ཚོའི་ལངས་ཕྱོགས་ཇི་ཡིན་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་དགོངས་དོན་གཞིར་བཟུང་རང་སྲིད་རང་སྐྱོང་དང་འབྲེལ་བའི་བོད་མིའི་དམིགས་བཀར་དགོས་མཁོ་ཁག་ཇི་ལྟར་བསྐང་ཐུབ་མིན་འགྲེལ་བརྗོད་བྱས་ཡོད། དེ་གཞིར་བཟུང་༸གོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་མིང་དོན་མཚུངས་པའི་རང་སྐྱོང་གི་ལམ་ནས་བོད་མིའི་གཞི་རྩའི་དགོས་མཁོ་ཁག་བསྐོང་ཐུབ་པའི་གདེང་ཚོད་གནང་ཡོད། ད་ལྟའི་ཆར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡོངས་བསྒྲགས་བཟོས་ཟིན་སྟབས། བསམ་ཤེས་ལྡན་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ཡིག་ཆ་དེ་བརྒྱུད་ནས་༸གོང་ས་མཆོག་གིས་རང་བཙན་དང་། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་རྩོད་གནང་གི་ཡོད་མེད་བདེན་དཔང་བྱེད་ཐུབ།
བསྐྱར་ནན་ཞུ་རྒྱུ་ཞིག་ལ་ང་ཚོས་འབྲེལ་མོལ་གྱི་ལས་རིམ་ལ་ཆོད་སེམས་བརྟན་པོ་ཡོད། དེ་བཞིན་བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆེད་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་ཐག་གཅོད་ཡོང་ཐབས་བྱེད་རྒྱུ་ལྷག་བསམ་རྣམ་དག་ཡིན། དེར་བརྟེན་གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོར་འདོད་བློ་ཡོད་ཚེ་ང་ཚོའི་ཕྱོགས་ནས་དུས་ཚོད་དང་ས་གནས་ག་འདྲ་ཞིག་ཡིན་ནའང་འབྲེལ་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད།
ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༨ །
རྡ་རམ་ས་ལ།།
ཐུགས་སྣང་།
གསལ་བསྒྲགས་ངོ་མ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་རང་ལ་རྩ་འཛིན་ཡོད་པ་ཞུ།