༢༠༡༢ ཟླ་ ༨ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་རིག་གཞུང་ལྷན་ཚོགས་དང་ནང་པའི་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༤ ཉིན་དད་ལྡན་མང་ཚོགས་ཁྲི་ཚོ་ཁ་ཤས་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད།
དེ་ཡང་༸གོང་ས་མཆོག་གིས་དེ་ཉིན་སྔ་དྲོ་ཆུ་ཚོད་ ༨ ཐོག་སླེ་ལྕོག་ལམ་སར་ཡོད་པའི་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཐོག་མར་ས་གནས་ཡུལ་མི་དང་བོད་མི་ཆོས་ཞུ་བ་རྣམས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་བཀའ་སློབ་སྩལ་དོན། ང་ཚོ་ལ་དྭགས་པར་ཆ་བཞག་ན་ཕ་མེས་ནས་ནང་པ་ཞིག་ཆགས་ཡོད། ཡུལ་ལུང་སྤྱིར་བརྩིས་ན་ནང་པའི་ཡུལ་ལུང་ཆགས་ཡོད། ཡུལ་ལུང་ནང་ཡེ་ཤུ་དང་ཁ་ཆེ་ཡང་ཡོད་པ་དེ་འདྲ་ཡོང་གི་རེད། དེ་སྔ་བོད་ལ་ཡིན་ན་ཁ་ཆེར་ཆ་བཞག་ན་བོད་ནང་འཚོ་སྡོད་བྱས་ཏེ་ཕལ་ཆེར་ལོ་གསུམ་བརྒྱ་བཞི་བརྒྱ་ཕྱིན་ཡོད། ཁ་ཆེ་ཚོར་ནང་པ་བྱེད་དགོས་ཟེར་མཁན་སུ་ཞིག་ཀྱང་མེད། སོ་སོར་རང་དབང་བྱས་ནས་བསྡད་ཡོད། དེར་བརྟེན་ལ་དྭགས་ལྟ་བུར་ཆ་བཞག་ནའང་ཁ་ཆེ་དང། ཡེ་ཤུ། ཧིན་དྷུ་ཡོད། འོན་ཀྱང་ལ་དྭགས་སྤྱིའི་ཆ་ནས་ནང་པའི་ཡུལ་གྲུ་རེད།
ལ་དྭགས་ཀྱི་རིག་གཞུང་དང་གོམ་གཤིས་རྩིས་ན་སངས་རྒྱས་པའི་ཆོས་ཆགས་ཡོད། དེ་འདྲ་ཡིན་དུས་གལ་ཏེ་ལ་དྭགས་པ་སྒེར་པ་གཅིག་གིས་སངས་རྒྱས་པའི་ཆོས་ལ་ཡིད་ཆེས་མེད་ནའང་སོ་སོའི་རིག་གཞུང་ཆགས་ཡོད། ལ་དྭགས་ཀྱི་རྣམ་པའམ་ངོ་བོ་(Identity)མཚོན་རྒྱུ་ཆགས་ཡོད། ཁྱེད་རང་ཚོ་མི་སྒེར་པ་གཅིག་ལ་ཆ་བཞག་ན་ནང་ཆོས་ལ་ཡིད་ཆེས་མེད་ནའང་ནང་པའི་རིག་གཞུང་(Buddhist Culture) དེ་ངེས་པར་དུ་ཤེས་པའི་ཐོག་ནས་གཅེས་སྲུང་བྱེད་དགོས། གང་ཡིན་ཞེ་ན་དེ་ནི་ཁྱེད་རང་ཚོའི་ངོ་བོའི་ཆ་ཤས་གལ་ཆེན་པོ་ཞིག་ཡིན། ངོས་ཀྱིས་འདི་གཅིག་ཤོད་འདོད་བྱུང། ཆོས་ཟེར་བ་དེ་ཕན་ཐོགས་གང་ཡོད་དམ། ལོ་སྟོང་ཕྲག་རིང་གི་ལམ་དང་ལུགས་སྲོལ་ཞིག་རེད་དམ། ད་ལྟ་དུས་རབས་ ༢༡ པའི་ནང་བསླེབས་ཡོད། དུས་རབས་ ༢༡ པ་དང་འབྲེལ་བ་དང་ཕན་ཐོགས་ཡོད་པ་ཞིག་རེད་དམ། སྔོན་ལ་དྲི་བ་གཅིག་འདྲི་དགོས། དྲི་བ་དེ་གལ་ཆེན་པོ་ཡིན། ཆོས་ཟེར་བ་དེའི་ཕན་ཐོགས་གང་ཡོད་དམ་དེར་བསམ་བློ་ཞིག་གཏོང་དགོས། ཡང་གཅིག་སྐབས་དོན་དང་འབྲེལ་བ་མེད་པ་བྱས་འདི་ང་ཚོའི་ལུགས་སྲོལ་ཡིན་ཞེས་ལབ་ན། ཁྱེད་རང་ཚོ་ལ་དྭགས་པའི་ཆས་གོས་འདྲ་མིན་གྱོན་བསྡད་པ་འདི་ཁྱེད་རང་ཚོའི་ལུགས་སྲོལ་རེད། ལྡི་ལི་ཕྱོགས་སུ་ཚ་བ་ཆེ་སར་མར་ཕྱིན་ན་དེ་ཕན་ཐོགས་མེད། དུས་རབས་ ༢༡ པའི་མི་ཚེའི་ནང་དངོས་པོ་ཡར་རྒྱས་ཚད་མཐོ་པོ་བསླེབས་པའི་དུས་སྐབས་སུ་ཆོས་ཀྱི་ཕན་ཐོགས་དང་འབྲེལ་བ་གང་ཡོད་དམ་དེ་བསམ་བློ་གཏོང་དགོས། ངོས་ཀྱིས་ད་ལྟ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་འདི་ལྟར་རེད་ཅེས་ཤོད་སྐབས་འཛམགླིང་འདིའི་སྟེང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་ལྟ་གྲུབ་ཡོད་མཁན་དང་མེད་མཁན་གྱི་རིགས་ཅིག་ཡོད། ལྟ་གྲུབ་མེད་མཁན་ཚོ་ཁ་ཐུག་ཁ་ཐུག་ཏུ་ལྷ་དང་ཀླུ་གསོལ་རྒྱུ་སོགས་བྱེད་ཀྱི་ཡོད། ལྟ་གྲུབ་ཡོད་པའི་ཆོས་ལུགས་ཁོངས་སུ་ཧིན་དྷུ་ཧ་ཅང་མང་པོ་ཡོད། རིགས་མི་འདྲ་བ་ཡང་ཡོད། དེ་བཞིན་ཡེ་ཤུ་དང། ཁ་ཆེ། ཇིའུ་སོགས་ལ་སོ་སོའི་ལྟ་གྲུབ་ཡོད། ལྟ་གྲུབ་ཡོད་མཁན་གྱི་ཆོས་ལུགས་དེ་དག་གི་ནང་ནས་ནང་པའི་ཆོས་དེ་ཡག་ཤོས་རེད་ཅེས་ངོས་ཀྱིས་བརྗོད་ཀྱི་མེད། ཆོས་ཡག་ཉེས་ཞེས་པ་དེ་སྨན་དང་གཅིག་མཚུངས་རེད། སྨན་གཅིག་ངོས་བཟུང་ནས་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་མི་ཐུབ། སྨན་ཡག་ཉེས་ཟེར་རྒྱུ་དེ་ནད་པ་བྱེ་བྲག་པ་གཅིག་གི་ཁམས་དང་ནད་སོགས་ཀྱི་གནས་ཚུལ་ལ་བསྟུན་ནས་ཁྱེད་རང་ལ་སྨན་འདི་ཡག་ཤོས་རེད་ཅེས་ལབ་ཐུབ་ཀྱི་རེད་མ་གཏོགས། ནད་པ་དང་ནད་བྱེ་བྲག་པ་གཅིག་དང་མ་འབྲེལ་བར་སྨན་འདི་ཡག་ཤོས་རེད་ཅེས་ལབ་ཐུབ་ཀྱི་མ་རེད། དཔེ་འདི་བཞིན་ཆོས་ཀྱང་ཆོས་བྱེད་མཁན་སོ་སོའི་ཁམས་དང་། དབང་པོ། མོས་པ་བཅས་ལ་བསྟུན་ནས་ཁམས་དང་མོས་པ་དང་འཚམས་པ་གཅིག་ཡོད་ན། དེ་ཕན་ཤོས་ཡོད། གང་ཟག་བྱེ་བྲག་པ་གཅིག་དང་བསྟུན་ནས་ཆོས་འདི་ཡག་ཤོས་རེད་ཅེས་ལབ་ཐུབ་ཀྱི་རེད་མ་གཏོགས། གང་ཟག་བྱེ་བྲག་གཅིད་དང་མ་འབྲེལ་བར་སྤྱི་ཡོངས་ཀྱི་ཆོས་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད།
ངོས་ཀྱིས་འཛམ་གླིང་ཤར་ནུབ་གང་དུའང་ནང་པའི་ཆོས་ཡག་ཤོས་རེད་ཅེས་ཤོད་ཐུབ་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ལྟ་གྲུབ་ཀྱི་སྐད་ཆ་བཤད་ན་ནང་པའི་ལྟ་གྲུབ་དེ་མགོ་རྙོག་ཤོས་དང་རྒྱ་ཆེ་ཤོས་ཡོད། དེ་དངོས་ཡོད་ཀྱི་གནས་ཚུལ་རེད། དེར་བརྟེན་རྩ་བའི་ཆོས་དང་ལྟ་གྲུབ་ཟེར་རྒྱུ་དེ་ག་རེ་དོན་དུ་རེད་ཅེ་ན་ཆོས་ཀྱི་རྒྱབ་རྟེན་འཚོལ་གྱི་ཡོད། ཆོས་ཉམས་སུ་ལེན་སྟངས་དེ་སྐབས་འདིར་ཆད་རྒྱུའི་གཞུང་ནི་བྱང་ཆུབ་ལམ་སྒྲོན་དང་ལམ་གཙོ་རྣམ་གསུམ་འདི་གཉིས་པོ་ཡིན། ལམ་སྒྲོན་དེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བོད་མཐོ་ལྡིང་ལ་མཛད་པ་རེད། བོད་ལ་ཕེབས་ཚར་ནས་མཛད་པ་རེད། དེ་དུས་མངའ་རིས་ཆོས་རྒྱལ་གྱི་སྐུལ་མ་མཛད་དེ་མཛད་པ་ཞིག་རེད། ངོས་ཀྱིས་ལམ་སྒྲོན་གྱི་བཤད་ལུང་ཞུས་ས་དེ་གཡེང་ཀོང་མཚན་ཞབས་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་ལམ་སྒྲོན་གྱི་འགྲེལ་བ་ཞིག་ཡོད་པ་དེ་ཕལ་ཆེར་རིན་པོ་ཆེའི་ཐུགས་ཐོག་ནས་མར་གསུངས་ཏེ་ངོས་ཀྱིས་བཤད་ལུང་ཞུས་པ་ཞིག་ཡིན། བཤད་ལུང་དེ་ཕྲན་བུ་དཀོན་པོ་རེད་འདུག ལམ་གཙོ་ནི་རྗེ་རིན་པོ་ཆེས་མཛད་པ་རེད། ལམ་གཙོའི་བཤད་ལུང་ཕལ་ཆེར་སྟག་བྲག་རིན་པོ་ཆེ་སྐུ་མདུན་ནས་ཐོབ་ཡོད། གླིང་རིན་པོ་ཆེ་དང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་མདུན་ནས་ཐོབ་ཡོད། ཅེས་བཀའ་སློབ་སྩལ་ཡོད་པ་བཅས།།