༢༠༡༢ ཟླ་ ༨ ཚེས་ ༣ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཟངས་དཀར་ཁུལ་གྱི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ཁག་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོ་སླར་ཡང་ལ་དྭགས་སླེ་ལྕོག་ལམ་སར་ཡོད་པའི་ཞི་བའི་ཚལ་གྱི་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དད་ལྡན་སེར་སྐྱ་མི་མང་རྣམས་ཀྱི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་མགོན་པོ་གང་ཉིད་མཆོག་གིས་ལྕོག་ལམ་སར་ཚན་ཉིད་སློབ་གྲྭའམ་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་མཐོ་སློབ་དེའི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་ཆོས་བརྒྱུད་བཞིའི་དབུ་མའི་ལྟ་གྲུབ་ཀྱི་རྣམ་གཞག་སྐོར་ལ་བགྲོ་གླེང་འཚོགས་རྒྱུའི་ཚོགས་འདུ་དབུ་འབྱེད་བསྐྱངས་པ་དང་ཆབས་ཅིག་ནང་པ་རྣམས་ནས་སངས་རྒྱས་པའི་ཆོས་ཀྱི་ཕན་ཡོན་ཤེས་པའི་ཐོག་བསྟན་པར་བདག་གཅེས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་བཀའ་སྩལ་འདུག
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་མར་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས་དབུ་མའི་ལྟ་གྲུབ་ཀྱི་བགྲོ་གླེང་དང་འབྲེལ་ཚན་ཉིད་སློབ་གྲྭའི་དགེ་ལས་སློབ་མ་རྣམས་ཀྱིས་གཙོས་སེར་སྐྱ་མང་ཚོགས་ལ་སྤྱིར་ནང་པ་སངས་རྒྱས་ཀྱི་བསྟན་པ་དར་ཚུལ་སྐོར་སྔ་ཕྱིའི་བརྒྱུད་རིམ་དང་། དེ་བཞིན་ནང་པའི་སྤྱི་ཚོགས་ངོས་ནས་སངས་རྒྱས་ཀྱི་བསྟན་པ་བདག་གཅེས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུང་བཤད་གནང་ཡོད།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་འདི་གར་ཡོང་ནས་ཁྱེད་རང་ཚོ་སླར་ཡང་ཐུག་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང། ངོས་ཀྱིས་ཐོག་མར་ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གོང་དུ་ཁྲི་རིན་པོ་ཆེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་གཙོ་བོ་ནང་པའི་སྤྱི་ཚོགས་ནས་སངས་རྒྱས་ཀྱི་བསྟན་པར་དོ་སྣང་དང་བདག་གཅེས་བྱེད་རྒྱུའི་འདོད་པ་ཡོད་པ་ཞིག་དགོས་ཀྱི་ཡོད། སངས་རྒྱས་ཀྱི་བསྟན་པར་དད་པ་དང་བདག་གཅེས་བྱེད་རྒྱུའི་འདོད་པ་ཡོང་བར་སངས་རྒྱས་ཀྱི་ཆོས་ཀྱིས་རང་ཉིད་ཀྱི་ཕྲལ་ཕུགས་ལ་ཕན་ཐོགས་ག་རེ་ཡོང་གི་འདུག དེར་བསམ་བློ་གཏོང་དགོས། མི་སུ་འདྲ་ཞིག་ཡིན་རུང་རང་ལ་ཕྲལ་དང་ཕུགས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ན་དེ་བདག་པོ་རྒྱག་གི་རེད། ཕན་ཐོགས་གང་ཡང་མེད་ན་ལམ་དང་ལུགས་སྲོལ་གྱི་ཆ་ཤས་ལྟ་བུ་ཡིན་རུང་། དུས་ཚོད་དང་མི་ཚེའི་འགྲོ་སྟངས་འགྱུར་འགྲོ་གི་ཡོད་པར་བརྟེན་རིམ་བཞིན་འཇོག་རྒྱུ་རེད། དགོས་པ་དང་རྒྱུ་མཚན་མཐོང་ན་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་དགོས། སྤྱི་ཚོགས་སྤྱི་ཡོངས་ནས་ནང་ཆོས་ལ་དོ་སྣང་དང་བདག་པོ་རྒྱག་རྒྱུའི་འདོད་བློ་ཞིག་མ་བྱུང་ན། དགོན་པ་དང་ཆོས་ཀྱི་སློབ་གཉེར་ཁང་ཁག་ལ་ཆ་བཞག་ནའང། རིམ་བཞིན་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད།
དེར་བརྟེན་སྤྱི་ཚོགས་ནང་ནས་དགོས་པ་དང་རྒྱུ་མཚན་ག་རེ་ཡོད་པ་ཤེས་དགོས། སྤྱིར་དགོས་པ་དང་རྒྱུ་མཚན། དེ་བཞིན་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་སངས་རྒྱས་ཀྱི་ཆོས་ནང་གསུངས་ཡོད། དེ་སང་སྔར་ནང་པའི་ཆོས་དར་མ་མྱོང་བ་དང་ནང་པའི་ཆོས་ཞེས་བརྗོད་སྐབས། ཤར་ཕྱོགས་པ་དང་ཧ་ལམ་གླིང་གཞན་ཞིག་རེད་སྙམ་མཁན་གྱི་ཡུལ་གྲུ་དེ་དག་ནང་ཕྲན་བུ་རིག་པས་དཔྱད་པ་བྱས་ཏེ་དད་པ་ཙམ་ལ་ཆོག་ཤེས་མི་བྱེད་མཁན་དེ་ཚོའི་གྲས་ཀྱིས་ནང་པས་ལྟ་གྲུབ་དང་ཚན་རིག་ཤོད་བཞིན་པ་དེར་དོ་སྣང་གསར་པ་བྱེད་ཀྱི་འདུག ད་ལྟ་འཛམ་གླིང་ལ་ཡོད་མུས་ཀྱི་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་མ་ཚང་བ་ཞིག་དེའི་ནང་ནས་ཁ་གསབ་བྱེད་རྒྱུར་དེང་སྐབས་དོ་སྣང་གསར་པ་ཞིག་སླེབ་བཞིན་འདུག དེར་བརྟེན་གང་ལྟར་ང་ཚོས་གཞུང་ཆེན་སློབ་གཉེར་བྱེད་རྒྱུ་ཧ་ཅལ་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
སྤྱིར་བཏང་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གི་ཁྱབ་ཁོངས་ལ་དྭགས་ཚན་ཉིད་སློབ་གྲྭ་དེ་བཞིན་ཕྱི་ལོ་ ༡༩༥༩ ལོར་གསར་འཛུགས་གནང་འདུག་པ་དང་། ད་ལྟའི་ཆར་སློབ་མ་གྲངས་ ༧༠༠ བརྒལ་བ་ཡོད་པ་བཅས། །