༢༠༡༢ ཟླ་ ༧ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །འདི་གར་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་བཏང་གསལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཉེ་འཁྲིས་ཡུལ་ལྗོངས་ཤིན་ཏུ་ཡིད་དུ་འོང་བ་མ་རྡི་ཀི་རི་ (Madikeri) གྲོང་ཁྱེར་ནང་སྐོར་བསྐྱོད་བྱས་ཡོད་པ་དང་། ཁུལ་དེར་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ Lt. General B C Nanda ལགས་ཀྱིས་དབུ་བཞུགས་ཐོག་བདེན་པའི་མེ་ལྕེར་ཕེབས་བསུ་ཟབ་རྒྱས་ཞུས་འདུག ད་དུང་ཁུལ་དེའི་རྫོང་དཔོན་མཆོག་དང་། གྲགས་ཆེན་གསར་འགོད་པ། འཕགས་བོད་མཛའ་ཚོགས་ཀྱི་ཚོགས་མི་བཅས་ནས་གྲོང་ཁྱེར་ཚོགས་ཁང་ནང་གོ་སྒྲིག་ཞུས་པའི་ཕེབས་བསུའི་མཛད་སྒོའི་ནང་ལྷན་བཞུགས་གནང་ཡོད་པ་རེད་འདུག
མཛད་སྒོའི་ ཐོག་མར་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་སྐབས། བདེན་པའི་མེ་ལྕེའི་སྐོར་བསྐྱོད་ཀྱི་ལས་འགུལ་དང་། བོད་ནང་གི་ད་ལྟའི་གནས་སྟངས། རྒྱ་ནག་གི་བྱ་སྤྱོད། བོད་ནང་རང་ལུང་མེར་སྲེག་གི་དོན་རྐྱེན་སོགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པ་རེད་འདུག དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དམག་ སྤྱི་ཟུར་པ་སྐུ་ཞབས་ Lt. General B C Nanda ལགས་ཀྱིས་གསུང་བཤད་གནང་སྐབས། བོད་མིའི་བདེན་པའི་འཐབ་རྩོད་ལ་ཡིད་རངས་སྔགས་བརྗོད་དང་། ས་ཕྱོགས་གང་ས་ནས་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཉུང་སྐྱོན་སོགས་གླེང་སློང་གནང་ཡོད་པས་མ་ཟད། Estonia དང་། Bulgaria རྒྱལ་ཁབ་གཉིས་ཀྱི་རང་བཙན་འཐབ་རྩོད་ལུང་འདྲེན་གནང་སྟེ། བོད་མི་ཚོའི་ཀུན་སློང་སྤེལ་ཐབས་གནང་ཡོད་པ་དང་། ཁོང་གིས་གསུང་བཤད་ཀྱི་མཐའ་བསྡོམས་སུ་ད་རེས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་རྒྱལ་ཁབ་ཁག་ནས་ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་བཞག་པའི་བོད་དོན་གྲོས་ཆོད་ཁག་ལག་བསྟར་ཡོང་བའི་སྨོན་འདུན་ཡང་གནང་ཡོད་པ་རེད།
སྐབས་དེར་ Shakti Daily ཟེར་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ G. Rajender ལགས་ནས་བོད་མིའི་འཐབ་རྩོད་ལ་གདུང་སེམས་བསྐྱེད་དང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་གྱི་ཀུན་སྤྱོད་ལའང་སྔགས་བརྗོད་གནང་ཡོད་པས་མ་ཟད། བདེན་པའི་མེ་ལྕེའི་ལས་འགུལ་བརྒྱུད་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་སྨོན་ཡང་གནང་ཡོད་པ་རེད། ཁུལ་དེར་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་མང་ཚོགས་ ༥༠༠ ཙམ་ནས་མཉམ་བཞུགས་གནང་ཡོད་པ་དང་། དེ་རྗེས་ས་གནས་རྫོང་དཔོན་ལས་ཁུངས་སུ་བོད་དོན་ཞུ་སྙན་ཡང་ཕུལ་ཡོད་ པ་རེད་འདུག
ཕྱི་ཚེས་ ༢༦ ཉིན་སྦེལ་ཀོབ་ཉེ་འཁྲིས་ Periyapatna གྲོང་ཁྱེར་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་ཡོད་པ་དང་། སྐབས་དེར་མཐོ་སློབ་ཀྱི་སློབ་མ་ཚོས་གདུང་སེམས་མཉམ་བསྐྱེད་དང་། འཕགས་བོད་མཛའ་ཚོགས་ཀྱི་དྲུང་ཆེ་མཆོག་ནས་བོད་དོན་གསུང་བཤད་ཀྱང་གནང་ཡོད་པ་རེད་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོ་ཡེ་ཤུའི་ཆོས་དཔོན་ Fr. Samuel George མཆོག་ནས་གསུང་བཤད་གནང་སྐབས། ༸གོང་ས་མཆོག་ནི་བོད་མི་ཙམ་མ་ཟད། རྒྱ་གར་གྱི་སྐྱེ་ཆེན་ཞིག་ཡིན་པ་དང་། གལ་སྲིད་རྒྱ་ནག་ནས་བོད་མིའི་བདེན་པ་དང་། དྲང་བདེན། རང་དབང་གི་དཀའ་ངལ་མ་སེལ་ཚེ། འཛམ་གླིང་མང་ཚོགས་དང་ང་ཚོས་འདིའི་ཐོག་རྒྱ་ནག་ལ་གནོན་ཤུགས་སྤྲད་དགོས་སྐོར་གསུང་བཤད་གནང་ཡོད་འདུག
དེ་རྗེས་བདེན་པའི་མེ་ལྕེ་སྦེལ་ཀོབ་ཉེ་འཁྲིས་ Kushal Nagar གྲོང་ཁྱེར་ནང་སྐོར་བསྐྱོད་སྐབས་རྒྱ་གར་སློབ་ཕྲུག་ ༣༥༠ ཙམ་ནས་མཉམ་བཞུགས་གནང་སྟེ་སྐོར་བསྐྱོད་གང་ལེགས་བྱུང་ཡོད་པ་རེད་འདུག
ད་དུང་བདེན་པའི་མེ་ལྕེ་ཉིན་ཤས་རིང་ལུགས་བཟུང་བསམ་གྲུབ་གླིང་དང་། བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་གཉིས་ཀྱི་ཁྱབ་ཁོངས་དང་། གདན་ས་ཆེན་པོ་སེ་ར་དང་། རྣམ་གྲོལ་གླིང་བཅས་སུ་སྐོར་བསྐྱོད་སྐབས། མཁན་བླ་དགེ་བཙུན་དང་། གཞིས་མི་མང་ཚོགས། སློབ་ཕྲུག་བཅས་ནས་མཉམ་བཞུགས་ཤུགས་ཆེ་གནང་བ་སོགས་ལས་འགུལ་ཚགས་ཚུད་ངང་སྤེལ་ཐུབ་པ་བྱུང་ཡོད་པ་དང་། ད་རེས་སྦེལ་ཀོབ་དང་ཉེ་ཁུལ་གྱི་ས་གནས་ཁག་གི་སྐོར་བསྐྱོད་དེ་བཞིན་ སྤྱི་འཐུས་གཉིས་དང་། ས་གནས་འགོ་འཛིན་གཉིས། ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས། ས་གནས་མཉམ་སྦྲེལ། རྒྱ་གར་ལྷོ་ཕྱོགས་དང་། ས་གནས་འཕགས་བོད་མཛའ་ཚོགས་བཅས་མཉམ་རུབ་ཀྱིས་འགན་ འཁུར་རྐང་ལེན་བཞེས་གནང་ཡོད་པ་རེད་འདུག
ཕྱི་ཚེས་ ༢༩ ཉིན་སྦེལ་ཀོབ་ཁུལ་གྱི་སྐོར་བསྐྱོད་ལེགས་པར་མཇུག་སྒྲིལ་བྱུང་སྟེ། ས་གནས་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཐུན་མོང་ནས་བདེན་ པའི་མེ་ལྕེ་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་རྩིས་སྤྲོད་གནང་ཡོད་པ་དང་། ཧོན་སུར་གྲོང་ཁྱེར་དུ་བདེན་པའི་མེ་ལྕེའི་ཕེབས་བསུར་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་དང་། ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་གཙོས་ཁུལ་དེའི་གནད་ཡོད་མི་སྣ་ཁག་གཅིག་ནས་ཕེབས་བསུ་ཞུས་ཟབ་རྒྱས་ཞུས་རྗེས། སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བས་མཉམ་བཞུགས་འོག་བདེན་པའི་མེ་ལྕེ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་གདན་ཞུ་དང་འབྲེལ་ཕེབས་བསུའི་མཛད་སྒོ་ཟབ་རྒྱས་ངང་ཚོགས་ཡོད་པ་བཅས།