༢༠༡༢ ཟླ་ ༧ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༦ ཉིན་ཡིད་སྐྱོའི་གནས་ཚུལ་ཐོན་གསལ་ལྟར་ན། བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་མཆོག་ཡུན་རིང་སྙུང་གཞིའི་རྐྱེན་པས་ཀང་ར་རྫོང་བྷ་ལ་ཇི་སྨན་ (Shree Balaji Hospital) ཁང་དུ་སྨན་བཅོས་གནང་བར་ཕེབས་ཡོད་ཀྱང་མཐར་དྲག་སྐྱེད་མ་བྱུང་བར་ཕྱི་ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༥ སྟེང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བཀའ་ཟུར་མཆོག་ནི་ཕྱི་ལོ་ ༡༩༣༩ ལོར་མདོ་སྨད་རེབ་གོང་རྒྱལ་པོ་དཔོན་ཚང་དུ་འཁྲུངས་ཏེ། རེབ་གོང་རོང་པོ་དགོན་ཆེན་གྱི་འཇིགས་མེད་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་མཛད་པ་བཞིན་དགུང་ལོ་བདུན་ནས་དགོན་ཆེན་དེར་ཡི་གེ་འབྲི་ཀློག་དང༌། སྙན་སུམ། བསྡུས་གྲྭ་ནས་འགོ་འཛུགས་ཀྱིས་མཚན་ཉིད་རིག་པར་སྦྱང་བརྩོན་ཐོག མཁས་གྲུབ་ཚད་ལྡན་དུ་མ་ལས་དབང་ལུང་ཁྲིད་གསུམ་གསན་པ་དང༌། ༡༩༥༥ ལོར་གཙོ་ཆེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་མཇལ་བཅར།
དེ་བཞིན་རྟེན་གནས་ཁྱད་པར་ཅན་མཇལ་བསྐོར་སླད་རྒྱལ་ས་ལྷ་སར་ཕེབས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་བསྟུན་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཆོས་འགོར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་འཕྲོ་སྐྱོང་གནང་མུར། ༡༩༥༩ ལོར་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས། ནུབ་སྦང་ག་ལ་མངའ་སྡེའི་ཁོངས་སྦག་སར་ནང་བསྟན་ཤེས་རིག་འཛིན་སྐྱོང་སློབ་གཉེར་ཁང་དུ་གདན་ས་སེ་འབྲས་དགའ་གསུམ་གྱི་མཁས་དབང་མཁན་པོ་ལས་ཟུར་དུ་མ་ལས་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་མཇུག་སྐྱོང་གནང་མུས་སུ་ཡོད་པ་ནས། ༡༩༦༦ ལོར་སྐབས་གསུམ་པའི་བོད་མི་མང་སྤྱི་འཐུས་ཁོངས་མདོ་སྨད་སྤྱི་འཐུས་སུ་འོས་འདེམས་བྱུང་སྟེ་ལས་འཁུར་བསྐོ་སྩལ་བསྐྱངས་ཏེ་བཞུགས་སྒར་དུ་བཅར། རིམ་བཞིན་སྐབས་བཞི་པའི་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་མི་དང༌།
སྐབས་ལྔ་པའི་ཚོགས་གཙོ་གཞོན་པ་སྐབས་དྲུག་པའི་ཚོགས་གཙོ་བཅས་ལ་བསྐོ་སྩལ་བསྐྱངས་པ་བཞིན་ལས་འཁུར་བཞེས། ཞོར་དུ་བོད་མི་མང་སྤྱི་འཐུས་སྐབས་ལྔ་པའི་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་མི་དང༌། སྐབས་དྲུག་པའི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་གཙོ་འཛིན་དུ་བསྐོ་སྩལ་བསྐྱངས་དོན་ལས་འཁུར་བཞེས། ༡༩༨༠ ལོར་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་འཁྱུར་རྗེས་རྩིས་ཞིབ་ལས་ཁུངས་ཀྱི་འགན་འཛིན་དུ་བསྐོ་སྩལ་བསྐྱངས་དོན་ལྟར་ལས་འཁུར་བཞེས། ལས་ཞོར་དུ་ལས་བྱེད་བདག་གཉེར་ཁང་གི་ཚོགས་མི།། དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་གཙོ་འཛིན་གནང་བ་དང། ཕྱི་ལོ་ ༡༩༨༥ ལོར་རང་ཡུལ་བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་པའི་ཚོགས་གཙོའི་ལས་རོགས་སུ་བསྐོ་སྩལ་བསྐྱངས་དོན་ལྟར་གཟིགས་སྐོར་དུ་ཕེབས་རྗེས་གནས་བཞི་པར་གནས་སྤར་དང་བཀའ་བློན་ལས་རོགས་སུ་བསྐོ་གཞག་སྩལ།
དེ་ཡང་ཕྱི་ལོ་ ༡༩༨༦ ལོར་རིན་པོ་ཆེ་མཆོག་ནང་སྲིད་བཀའ་བློན་གྱི་ཕྱག་རོགས་དང་རིམ་བཞིན་བཀའ་བློན་དུ་བསྐོ་གཞག་བྱུང་སྟེ་ ༡༩༩༠ བར་ཐུགས་འགན་བཞེས་ཡོད། དེ་ནས་ ༡༩༩༠ ནས་ ༡༩༩༦ ཟླ་ ༦ ཚེས་ ༡༠ བར་བོད་གཞུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས། ༡༩༩༦ ཟླ་ ༦ ཚེས་ ༡༡ ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༠༧ འོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་ཀྱི་དབུ་འཛིན་མཚན་ཐོག་ནས་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་བསྐོ་གཞག་གིས་ཐུགས་འགན་བཞེས་ཏེ་མཐར་ ༢༠༠༤ ཟླ་ ༧ ཚེས་ ༡༥ ཉིན་བཅའ་ཁྲིམས་དགོངས་དོན་རང་ལོ་ ༦༥ ལ་ཕེབས་ཏེ་ལས་འཁྱུར་གནང་ཡོད། འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་ནི་མི་ཚེ་ཧྲིལ་པོ་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་ཆེ་ཁག་ནང་དབུ་ཁྲིད་ཀྱི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་པ་བཅས།།