ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། བོད་ཀྱི་རྒྱལ་ས་ལྷ་སར་ ༢༠༠༨ ཕྱི་ཟླ་ ༡༡ ཚེས་ ༢༠ དགོང་དྲོའི་ཆུ་ཚོད་ ༥ ཡས་མས་སུ་རང་ལོ་ ༢༠ ཙམ་ཡིན་པའི་ཕོ་གསར་ཞིག་ནས་བར་སྐོར་ནང་ “བོད་ལ་རང་དབང་དགོས་” ཞེས་པའི་སྐད་འབོད་བྱས་སྟབས་འབྲེལ་ཡོད་སྤྱི་བདེ་མི་སྣས་ཉེས་རྡུང་ཚབས་ཆེ་གཏོང་བཞིན་འཛིན་བཟུང་བྱས་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག
བོད་ཀྱི་རྒྱལ་ས་ལྷ་སའི་ནང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྒྱ་ནག་གཞུང་ནས་དམ་བསྒྲགས་ཤུགས་ཆེ་བྱས་པ།
༄༅། །འདི་ལས་སུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་གཞིགས་ན། བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ནང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟེ་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་ནག་གཞུང་ཕྱོགས་ནས་དམག་མི་ཁྱོན་ཆེ་བཀྲམ་ཡོད་པ་མ་ཟད། ལྷ་སའི་བར་སྐོར་དང་། ལྷ་ཁང་། དེབཞིན་རྟེན་གནས་ཁག་བཅས་ལ་རྒྱ་དམག་གིས་བཀག་འགོག་བྱས་ཏེ་བོད་མི་བསྐོར་བ་རྒྱག་ཏུ་མི་བཅུག་པ་དང་། དེ་མཚུངས་ལྷ་སའི་ནུབ་ངོས་ཆུ་ཤུར་དང་། སྟོད་ལུང་གདོང་དཀར་གསུམ་མདོ་སོགས་ལ་རྒྱ་ནག་གཞུང་ནས་དྲག་ཆས་དམག་མི་ཁྱོན་ཆེ་སྤོ་བཞུགས་བྱས་འབྲས་སུ་གཡས་གཡོན་ནས་ལྷ་སར་ཡོང་མཁན་འགྲུལ་པའི་ཅ་དངོས་རྒྱ་དམག་གིས་སྔོག་བཤེར་བྱེད་པ་དང་། ཕོ་བྲང་པོ་ཏཱ་ལའི་མདུན་ཐང་གི་ལམ་ཆེན་སོགས་སུ་བྱེ་མ་བླུགས་པའི་རྩ་རས་ཀྱི་འཛིང་རག་བཟོས་ཏེ་དམག་ས་དང་གཉིས་སུ་མེད་པའི་འཇིགས་སྣང་སྐྱེས་གཞིའི་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ལ། ལྷ་སའི་བར་སྐོར་གྱི་གཡས་གཡོན་གང་སར་དྲག་ཆས་སྤྲས་པའི་དམག་མི་དང་། མི་སེར་དཀྱུས་མའི་ཆས་གོས་སྤྲས་པའི་རྒྱ་དམག་གིས་བོད་མི་རྣམས་ལ་བསུན་གཙེར་ཟོ་བཞིན་པ་མ་ཟད། སོ་སོའི་ནང་དུ་གང་མགྱོགས་ལོག་དགོས་པ་ལས་ཕྱིར་གང་བྱུང་འགྲོ་འོང་མི་ཆོག་པའི་སྔོན་བརྡ་ཡང་གཏོང་བཞིན་ཡོད་འདུག དེ་ཙམ་མ་ཡིན་པར་ཉེ་དུས་གྲོང་ཁྱེར་ལྷ་སའི་སྤྱི་བདེ་དྲག་ཆས་ཉེན་རྟོག་པ་ཁག་ཅིག་ལ་བོད་མིའི་ཐོག་དྲག་ལས་བྱ་ཆེད་གོ་མཚོན་འཕར་མ་མཁོ་སྤྲོད་དང་། རྒྱ་ནག་གཞུང་ནས་དྲག་ཆས་ཉེན་རྟོག་པ་ཁག་ཅིག་ལ་སྐབས་རེ་གྲྭ་ཆས་གྱོན་ཏུ་བཅུག་པ་དང་། སྐབས་རེ་ས་གནས་ཀྱི་གད་བདར་བྱེད་མཁན་སོགས་ཀྱི་གོས་གྱོན་བཅུག་པ་སོགས་བྱས་ཏེ་བོད་མིའི་ཐོག་ཉིན་རེ་ལས་མ་བསྡད་པར་དམ་བསྒྲགས་ཤུགས་ཆེ་གཏོང་བཞིན་ཡོད་འདུག