༢༠༡༢ ཟླ་ ༧ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ཀྱིས་ ༢༠༡༢ ཟླ་ ༧ ཚེས་ ༢༣ ཉིན་བཏང་གནས་ནང་འཁོད་དོན། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་གནང་བའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༢ པ་དེ་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་མཇུག་བསྒྲིལ་ཞིང༌། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་དང༌།
བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་དང༌། བཀྲིས་རྣམ་རྒྱལ་ལགས་གཉིས་ཀྱང་ཚོགས་ཆེན་ལ་མཉམ་ཞུགས་གནང་ཡོད།
ཚོགས་འདུ་གོ་སྒྲིག་གི་འགན་འཛིན་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ཐོག་མའི་ངོ་སྤྲོད་གསུང་བཤད་གནང་རྗེས། བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གི་མཆོག་གིས་བར་ལམ་ཕྱི་རྒྱལ་ཡུལ་གྲུ་ཁག་དང༌། ལྷག་དོན་ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གནད་ཡོད་དཔོན་རིགས་མཇལ་སྐོར་དང༌། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ད་ལྟའི་བཀའ་ཤག་གི་ལྟ་གྲུབ་གསུམ་གཞི་ལ་བཞག་པའི་བཀའ་ཤག་གི་ལས་གཞི་བང་སྒྲིག་སྟངས། དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་དགོངས་ཞུ་གནང་བའི་སྔ་ཕྱིའི་གནས་ཚུབ་བཅས་ཀྱི་སྐོར་ཚོགས་བཅར་ཡོངས་ལ་ངོ་སྤྲོད་གནང་ཡོད།
དེ་རྗེས་ཚོགས་བཅར་བ་ཚོས། དུས་ཡུན་ཉིན་གཉིས་རིང་གྲོས་གཞི་ཁག་གི་ཐོག་བཀའ་སྡུར་ལྷག་པོ་གནང་བ་དང༌།
ཉིན་གཉིས་པར་བོད་ནང་གི་ཛ་དྲག་གནས་སྟངས་ལ་དམིགས་ཏེ་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་འགོ་ཁྲིད་དེ་གཞི་རྒྱ་ཆེ་ལ་མངོན་གསལ་དོད་པའི་ལས་འགུལ་ཞིག་སྤེལ་རྒྱུ་དང༌། དེ་ཡང་ལོ་འཁོར་གཅིག་ནང་ཚར་བ་བྱེད་རྒྱུ། བྱང་ཨ་རིའི་ནང་ཡོད་བོད་མི་ཚོས་གཞིས་ལུས་མི་མང་ལ་གདུང་སེམས་མཉམ་སྐྱེ་དང༌།
རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་སྐབས་འབོད་སྒྲ་གཅིག་གྱུར་ཡོང་བ་བྱེད་རྒྱུ། རྒྱ་མི་རིགས་ལ་འབྲེལ་ལམ་བཟོ་ཐབས་ཀྱི་ལས་དོན་ལ་ད་དུང་ས་གནས་ཚང་མས་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ། བདེན་པའི་མེ་ལྕེ་བསྐོར་བསྐྱོད་ཀྱི་ལས་འགུལ་རྒྱ་གར་ནང་དབུ་འཛུགས་ཟིན་པ་ལྟར། བྱང་ཨ་རིའི་ནང་བསྐོར་བསྐྱོད་སྐབས་ས་གནས་ཚང་མས་མཉམ་ཞུགས་དགོས་རྒྱུ།
དོལ་རྒྱལ་བསྟེན་གསོལ་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་ཡོད་པ་དེ་དག མང་ཚོགས་ཁྲོད་ཡང་ཡང་དྲན་སྐུལ་གནང་རྒྱུ། བོད་མིས་རང་ལུས་མེ་ལ་སྒྲོན་པ་དེ་ནི་གཞན་ལ་འཚེ་བའི་ལས་ཞིག་མིན་པའི་ལངས་ཕྱོགས་གསལ་སྟོན་བྱེད་རྒྱུ། ལོ་ལྟར་ཝ་ཤིང་ཊོན་དུ་བོད་དོན་རྒྱབ་སྐྱོར་འཚོལ་བའི་ལས་འགུལ་གོ་སྒྲིག་ཞུས་ནས་ད་བར་ལོ་བཞི་ཙམ་སོང་བ་དེས་ཕན་ཐོགས་ཆེ་སྟབས། ས་གནས་ཚང་མས་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་བཅས་གྲོས་ཆོད་དོན་ཚན་ཁག་གཅིག་བཞག་ཡོད།
བྱང་ཨ་རིའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ཙམ་ཡོད་པ་དང༌། ས་གནས་ཁག ༢༣ གྱི་སྐུ་ཚབ་ཚོགས་འདུར་ཕེབས་ཡོད་པ་དང༌། ཟུར་ཉན་ཡང་མི་ཉུང་བ་ཞིག་ཚོགས་འདུར་ཕེབས་ཡོད་པ་བཅས།།