ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །བོད་གངས་ཅན་པ་རྣམས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་བཞིའི་ནང་ཆིབས་སྒྱུར་བཀའ་དྲིན་བླ་ན་མེད་པ་བསྐྱངས་པའི་མཛད་འཕྲིན་དང་། ལྷག་པར་དུ་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་བསྟན་སྲིད་མི་རིགས་ཀྱི་བདེན་དོན་མཐའ་བསལ་སླད་མཛད་འཕྲིན་རླབས་ཆེན་བསྐྱངས་ཏེ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༡༣ ཕྱེད་ཡོལ་ཙམ་ལ་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་སྐབས་གྷ་གལ་གནམ་ཐང་དུ་ཕེབས་བསུར་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག གནམ་ཐང་ཕྱིའི་ཕེབས་སྒོར་རྒྱུད་སྟོད་བླ་མ་དབུ་མཛད་དང་། ས་གནས་གྲོས་ཚོགས། ས་གནས་བདེ་དོན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་ནས་དཀར་གཙང་གི་མཇལ་དར་ཕྱག་ཏུ་བསྣམས་ཏེ་གུས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།
ཕེབས་སྒོ་དང་པོར་ཐང་སྟོང་གླུ་གར་ནས་བཀྲིས་ཞོལ་པའི་འཁྲབ་སྟོན་དང་སྦྲགས་ཕེབས་བསུ་ཞུས་ཡོད་པ་དང་། སུ་ཇ་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་། གྷོ་པལ་སྤར་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་གཉིས་པར་ས་ར་བོད་ཀྱི་མཐོ་སློབ་དགེ་ལས་སློབ་མ་བཅས་ནས་དཀར་གཙང་གི་མཇལ་དར་ཕྱག་ཏུ་བསྣམས་ནས་ཕེབས་ལམ་དུ་གུས་བསུ་གཟབ་རྒྱས་ཞུས།
ཕེབས་སྒོ་གསུམ་པར་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་དང་། ནོར་གླིང་ལས་བྱེད། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་མ། བཙུན་དགོན་སྒྲོལ་མ་གླིང་། རྡ་ཤོད་བོད་ཁྱིམ་དགེ་ལས་སློབ་མ། གནས་ཆུང་གྲྭ་དབྱངས་གླིང་གྲྭ་ཚང་གི་དགེ་འདུན་པ། དགའ་གདོང་གསལ་འབྱེད་གླིང་གྲྭ་ཚང་གི་དགེ་འདུན་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས།
ཕེབས་སྒོ་བཞི་པར་གཞུང་ཞབས་དྲུང་ཆེ་མན་གྱི་ལས་བྱེད་རྣམ་པ་དང་། སྨན་རྩིས་ཁང་གི་ལས་བྱེད་རྣམ་པ། བདེ་ལེགས་སྨན་ཁང་གི་ལས་བྱེེད་རྣམ་པ། ཤེས་རིག་དཔར་ཁང་གི་ལས་བྱེད་རྣམ་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་ལྔ་པར་ཕོ་སར་གྷན་ཇིར་རྡ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་མ། ཚེ་མཆོག་གླིང་གི་དགེ་འདུན་པ། བཙུན་དགོན་དགའ་ལྡན་ཆོས་གླིང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་དྲུག་པར་མེན་གྷན་ཁུལ་གནས་མི་མང་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་།
ཕེབས་སྒོ་བདུན་པར་རིགས་ལམ་སློབ་གཉེར་ཁང་གི་དགེ་འདུན་པ། ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ། ཁུལ་དེའི་སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ཕོ་བྲང་གི་གཟིམ་སྒོའི་ཕྱིར་སྐུ་བཅར་རྣམ་གྲྭའི་དགེ་འདུན་པས་ཕེབས་ལམ་དུ་སེར་སྦྲེངས་དང་། བོད་གཞུང་ཟློས་གར་ཚོགས་པས་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་ཆེད་གྲོ་སོ་ཕྱེ་མར་འདེགས་འབུལ་དང་། བཀྲ་ཤིས་ཞོལ་པ་འཁྲབ་སྟོན་ཞུས་ཏེ་ཕོ་བྲང་གི་གཟིམ་སྒོའི་ནང་ཕེབས་བསུ་གཟབ་རྒྱས་ཞུས། ཕོ་བྲང་གི་གཟིམ་སྒོའི་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་སོ་སོའི་དྲུང་ཆེ་ཆུང་རྣམ་པ་བཅས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་གནས་བསྡུས་སུ།།