༢༠༡༢ ཟླ་ ༧ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅༎ ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་གོང་མའི་གནད་ཡོད་འཐུས་མི་སྐུ་ཞབས་ཇོན་མེ་ཁེན་ (John McCain) མཆོག་དང་། ཇོ་ལི་སྦར་མེན་ (Joe Lieberman) རྣམ་གཉིས་དང་མཇལ་འཕྲད་གནང་ནས་བོད་དོན་སྐོར་གླེང་ཡོད།
དེ་ཡང་སྐུ་ཞབས་ཇོ་ལི་སྦར་མེན་མཆོག་གིས་སྐབས་དེར་བཀའ་ཁྲི་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་བའི་ནང། བཀའ་ཁྲི་མཆོག་ཨ་རིའི་རྒྱལ་སར་ཕེབས་པ་འདིས་ང་ཚོ་ཨ་རིའི་ཡུལ་གྱིས་བཟང་སྤྱོད་ཀྱི་རིན་ཐང་ཉམས་ལེན་ཇི་འདྲ་བྱེད་མིན་ཚོད་ལྟ་བྱེད་པ་ཞིག་ཆགས་པར་བརྟེན་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས། དབུ་ཁྲིད་རྣམས་ནས་ཆུ་ཚོད་གཅིག་ཙམ་རིང་གོ་བསྡུར་གནང་བ་མ་ཟད། ཐུན་མོང་གི་གསར་འགོད་གསལ་བསྒྲགསཤིག་ཀྱང་གནང་ཡོད།
ཕྱོགས་མཚུངས་དེ་ཉིན་བཀའ་ཁྲི་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་ཌ་ཡེར་ David Dreier མཆོག་དང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་པར་ར་ཡི་སི་David Price མཆོག་རྣམ་གཉིས་དང་ཡང་མཇལ་འཕྲད་གནང་ཡོད་པ་བཅས།།