༢༠༡༢ ཟླ་ ༧ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༧ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བློ་བཟང་བློ་འཛིན་ལགས་ཀྱི་ཕུང་པོ་ཉིན་དེའི་མཚན་མོར་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ཉེ་འགྲམ་གྱི་ཆུ་ནང་དུ་ཉ་སྦྱིན་བཏང་ཡོད་ཅིང་། ཉིན་དེའི་ཕྱི་དྲོ་འབར་ཁམས་རྫོང་ཐོག་ནས་མངགས་གཏོང་བྱས་པའི་དྲག་ཆས་ཉེན་པ་སོགས་འབོར་ཆེན་ཞིག་རྒྱལ་རོང་ཚོ་བདུན་དུ་འབྱོར་ཡོད། འོན་ཀྱང་ཚོ་བདུན་མི་མང་གིས་རང་ནུས་གང་ཡོད་ཀྱིས་བཀག་འགོག་བྱས་པར་བརྟེན། དགོན་པའི་ནང་དུ་སླེབས་མེད་ཀྱང་། ཆུའི་ཕར་འགྲམ་དུ་དམག་སྦྱོང་འདྲ་མིན་བྱས་ནས་བསྡད་ཡོད་འདུག ཕྱི་ཚེས་ ༡༨ ཉིན་ཚོ་བདུན་མི་མང་གིས་དགོན་པའི་ནང་དུ་ཕྱག་མཆོད་འབུལ་དང་ཞབས་སྐོར་བརྒྱབ་པ་སོགས་དགེ་བའི་ལས་ལ་འབད་ཡོད་པ་མ་ཟད། ཉིན་གང་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་བརྒྱབ་སྟེ་མྱ་ངན་གྱི་རྣམ་པ་མཚོན་གང་ཐུབ་བྱས་ཡོད་འདུག
དེ་མིན་ཕྱི་ཟླ་ ༦ ཚེས་ ༢༦ གི་མཚན་མོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚེ་རིང་ལགས། རང་ལོ་ ༢༡ ཡིན་པ་ཁོང་དགོན་པའི་ནང་ནས་རྔ་པའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་སྟབས། ནང་མི་ཉེ་འབྲེལ་ཚོས་འབྲེལ་ཡོད་ལས་ཁུངས་མང་པོར་རྩད་གཅོད་བྱས་ཀྱང་། ད་བར་གར་ཡོད་དང་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད། ཁོང་ནི་རྔ་སྨད་ལོ་རྟ་ཞང་། བ་ཏོ་སྡེ་བའི་ལྷ་བཟོ་ཚང་ནས་ཡིན་ཞིང་། ཕ་མིང་ལ་བཀྲ་ཤིས་ཚེ་རིང་དང་། མ་མིང་ལ་ཆུང་གོ་ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་དགོན་པར་རྒྱུན་སྡོད་གནང་གི་ཡོད།
དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༠ ཙམ་ལ་འཛིན་བཟུང་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་གྲོས། རང་ལོ་ ༣༦ ཡིན་པ་ཁོང་གི་སྐོར་ཉེ་སྔོན་ཕྱི་ཟླ་ ༧ ཚེས་མགོ་ཙམ་ལ་གནས་ཚུལ་ཤེས་རྟོགས་བྱུང་བར་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། ཁྲིམས་ཐག་གཅོད་སྐབས་འབྲེལ་ཡོད་ཚོར་བརྡ་ལན་གང་ཡང་འབྱོར་མེད་སྟབས། སྐབས་དེའི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད། ཁོང་ལོ་སྔོན་མར་འཛིན་བཟུང་བྱས་པ་ནས་ཉེ་ཆར་འབར་ཁམས་ནས་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་མ་ཐོས་བར་དུ་གར་ཡོད་ཙམ་གྱི་གནས་ཚུལ་ཡང་གོ་ཐོས་བྱུང་མི་འདུག ཁོང་ནི་རྔ་སྟོད་ཨ་འདུས་ཞང་། གཤོང་བ་སྡེ་བའི་ཝོ་ཁ་ཚང་ནས་ཡིན་ཞིང་། ཕ་མིང་ལ་གདུགས་ཁོ་ཡིན་འདུག ཁོང་རང་ལོ་ ༢༠ ཡོལ་ཙམ་གྱི་སྐབས་སུ་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་།
རྒྱུན་དུ་བོད་ལུགས་ཀྱི་རི་མོ་སྣ་ཚོགས་འབྲི་བའི་ལྷ་བཟོ་འམ། རི་མོའི་སྒྱུ་རྩལ་བ་ཞིག་ཡིན་འདུག་པ་བཅས།།