༢༠༡༢ ཟླ་ ༧ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། ། འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༧ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སློབ་གྲྭའི་ (Tibetan Public School) མདུན་ཐང་དུ་བོད་རིགས་ཁ་ཆེའི་གཞོན་ནུའི་མཐུན་ཚོགས་དང་བོད་རིགས་ཁ་ཆེའི་སློབ་གྲྭའི་འཛིན་སྐྱོང་ཐུན་མོང་ནས་གོ་སྒྲིག་ཐོག་༸གོང་ས་མཆོག་དང་ཇམ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨོ་མར་ཨབ་དུལ་ལ་ (Omar Abdullah) མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་ལ་བོད་རིགས་ཁ་ཆེའི་གནད་ཡོད་མི་སྣས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་གདན་ཞུས་ཀྱི་ཞབས་སྟེགས་སྟེང་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་མཛད་སྒོར་གནད་ཡོད་སྐུ་མགྲོན་རྣམས་དང་བོད་རིགས་ཁ་ཆེ་བ་རྣམ་པ། སློབ་ཕྲུག་བཅས་ཁྱོན་མི་གྲྭངས་ ༢༠༠༠ བརྒལ་བ་ལྷན་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་སྩལ་དོན།
དེ་རིང་འདི་གར་ཀ་ཤི་མིར་གྱི་བློན་ཆེན་མཆོག་དང། བཀའ་བློན། སློབ་གྲྭའི་དབུ་འཛིན་རྣམ་པ། དེ་ནས་གཙོ་ཆེ་ཤོས་ཆོས་གྲོགས་ཕོ་མོ་ལྷན་རྒྱས་རྣམ་པར་ཞུ་རྒྱུར། དེ་རིང་འདིར་ཡུན་གང་ཙམ་ཕྱིན་པའི་རྗེས་ཡང་བསྐྱར་སླེབ་ཐུབ་པ་རེད། ཁྱེད་རང་ཚོས་གྲོགས་པོ་ངོ་ཤེས་རྙིང་པ་ཐུག་པ་བཞིན་ཚོར་བ་ཤུགས་ཆེན་པོ་སྟོན་གྱི་འདུག ངོས་རང་ཧ་ཅང་དགའ་པོ་བྱུང། ངོས་ཀྱི་ངོ་ཤེས་རྡ་སར་ལས་བྱེད་བྱས་མྱོང་མཁན་གཉིས་གོང་དུ་ཐུག་བྱུང། ཁོང་གཉིས་ནས་གཅིག་གང་ཙམ་གྱི་སྐུ་བགྲེས་པོ་ཆགས་འདུག དེ་རིང་སླར་ཡང་ཐུག་པ་ཧ་ཅང་དགའ་པོ་བྱུང། ལྷག་པར་དེ་རིང་འདིར་ཡོང་དུས་འདི་གའི་སློབ་གྲྭའི་སློབ་སྤྱིས་གསལ་བཤད་བྱས་པ་བཞིན་ཡར་རྒྱས་ཡག་ཐག་ཆོད་ཕྱིན་ཏེ་རྐང་ཚུགས་ཡོད་པ་དེ་ཧ་ཅང་དགའ་པོ་བྱུང། མིའི་སྤྱི་ཚོགས་གང་དུ་ཡིན་ནའང་་ཤེས་ཡོན་དེ་ཧ་ཅང་གལ་ཆེན་པོ་རེད། ཤེས་ཡོན་ཡོད་ན་སྒེར་པ་སོ་སོ་ཡིན་རུང་མི་ཚེའི་མདུན་ལམ་ཡག་པོ་ཞིག་སྒྲུབ་ཐུབ་ཀྱི་རེད་ལ། དེ་བཞིན་ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ་ཀྱི་ཆ་ནས་རྩིས་ནའང་ཤེས་ཡོན་དེ་ཧ་ཅང་གལ་ཆེན་པོ་རེད།
དེ་རིང་ཁ་སང་ང་རང་ཚོས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་གཙོ་བོ་དངོས་པོ་ཡར་རྒྱས་ལ་དམིགས་པའི་ཤེས་ཡོན་ཞིག་ཆགས་ཀྱི་འདུག དངོས་པོ་ཡར་རྒྱས་ཁོ་ནའི་ཆེད་དུ་དམིགས་པའི་ཤེས་ཡོན་དེ་སློབ་སྦྱོང་ཧ་ཅང་ཚད་མཐོན་པོ་བསླེབས་ནའང་ནང་སེམས་ལ་ཞི་བདེ་ཡོང་དང་མ་ཡོང་ཟེར་རྒྱུ་དེ་ཐེ་ཚོམ་རེད། ངོས་ཀྱི་ངོ་ཤེས་པ་གཙུག་ལག་སློབ་གྲྭའི་ནང་སློབ་ཕྲུག་ཁྲི་ཕྲག་ཡོད་པའི་སློབ་གྲྭའི་གཙོ་འཛིན་དེ་འདྲ་ཡོད། སྒེར་པ་སོ་སོའི་ངོས་ནས་སེམས་གུ་དོག་པོ་བྱས་ཏེ་སེམས་མ་སྐྱིད་པ་ལྟ་བུ་བྱེད་མཁན་ཡོང་གི་འདུག དེ་ཚོའི་གྲས་དེང་དུས་ཀྱི་ཤེས་ཡོན་གྱི་ཐོག་ནས་རྩེ་མོར་སོན་པ་ཆགས་ཀྱི་ཡོད། འོན་ཀྱང་སེམས་ཀྱི་ནང་དངང་སྐྲག་དང་དོགས་པ། འཇིགས་སྣང་ཐོག་ནས་སེམས་མ་སྐྱིད་པ་བྱེད་མཁན་ཡོང་གི་འདུག དེ་དག་ནི་ནང་བསམ་བློ་གཏོང་ཕྱོགས་ཡ་རབས་དང་སེམས་པ་བཟང་པོ་བྱེད་རྒྱུ། མི་ལ་གནོད་པ་མ་སྐྱེལ་རྒྱུ། མི་ལ་ཕན་ཐོགས་བྱེད་རྒྱུ། དེ་ལྟ་བུའི་ཡ་རབས་ཀྱི་བསླབ་བྱ་མ་འདང་བ་ཞིག་ཡིན། དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་དེ་ཧ་ཅང་ཡར་རྒྱས་ཕྱིན་ཡོད། ནང་བསམ་བློ་ཞི་བདེ་ཡོང་རྒྱུར་དམིགས་པའི་ཤེས་ཡོན་ནམ་བསམ་བློ་གཏོང་ཕྱོགས་དེ་འཐུས་ཤོར་ཕྱིན་པའི་རྐྱེན་གྱིས་འཛམ་གླིང་འདིའི་སྟེང་དེང་དུས་ཀྱི་ཤེས་ཡོན་ཁོ་ནའི་ཐོག་ནས་ཡར་རྒྱས་ཕྱིན་པ་དེ་དག་གང་ལྟར་གཅིག་ཚང་གི་མི་འདུག ཨ་རི་དང་ཡུ་རོབ། རྒྱ་གར་ནང་ལའང་མཁས་པ་མང་པོར་དེང་དུས་ཤེས་ཡོན་གྱི་འགྲོ་སྟངས་དེ་གཅིག་འགྲིག་གི་མི་འདུག་ཅེས་མཐོང་ཚུལ་ཡོང་གི་འདུག
དེར་བརྟེན་བར་སྐབས་ནས་འདས་པའི་ལོ་བཅུ་གྲངས་ཕྱིན་ཡོད། གཙོ་ཆེ་ཤེས་ཡོན་ཐོག་གི་མཁས་པ་དེ་འདྲ་དང། ཚན་རིག་པ་སེམས་དང་ཀླད་པ་བརྟག་དཔྱད་བྱེད་མཁན་སྙན་གྲགས་ཅན་དེ་དག་གིས་སེམས་ལ་ཞི་བདེ་མེད་ན། གཟུགས་པོའི་འཕྲོད་བསྟེན་ཡིན་ནའང་གང་ལྟར་སྐྱོན་བྱེད་བཞིན་ཡོད་པ་དེ་རིང་སང་གཞི་ནས་ཚན་རིག་པ་ཚོར་ཤེས་རྟོགས་གསར་པ་ཞིག་བསླེབས་ཡོད། ཚན་རིག་པ་ནང་ནས་དེང་སང་སེམས་བཟང་པོ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོོ་རེད་འདུག སེམས་བཟང་པོ་ཡོད་ན་སེམས་དེར་ཞི་བདེ་ཡོང་གི་ཡོད། སེམས་ཞི་བདེ་བྱུང་ན་ལུས་འཕྲོད་བསྟེན་ཡིན་ནའང་ཕན་ཐོགས་ཧ་ཅང་ཡོང་གི་ཡོད་སྐོར་བརྗོད་ཀྱི་འདུག དེ་བཞིན་སྤྱི་ཚོགས་ནང་དཔེར་ན། སློབ་གྲྭའི་ནང་སློབ་ཕྲུག་དེ་འདྲའི་མེ་མདའ་བརྒྱབ་སྟེ་མི་གསོད་རྒྱུ། སྤྱི་ཚོགས་ནང་གསོད་རེས་གཏོང་རྒྱུ་སོགས་ལྟ་བུ་ཡོང་གི་ཡོད། གང་ལྟར་ཆབ་སྲིད་པ་དང་དཔལ་འབྱོར་གྱི་བདག་པོ། ཚོང་པ་སོགས་གང་དུའང་ལྐོག་ཟ་རུལ་སུངས་(Corruption)བྱེད་རྒྱུ་དེ་མང་པོ་ཡོང་གི་ཡོད། དཔེར་ན། རྒྱ་གར་ཆ་བཞག་ན་ལྐོག་ཟ་རུལ་སུངས་མང་པོ་ཡོད། དེ་དག་ནི་ཤེས་བྱ་ཡོན་ཏན་གྱི་ཕལ་ཆེར་མ་འདང་བ་མ་རེད། མགོ་གྲུང་པོ་བྱེད་ཐུབ་ཀྱི་ཡོད། གཡོ་སྒྱུ། སྐྱག་རྫུན། ཁ་ཚིག་མི་མཚུངས་པ་བྱེད་ཐུབ་ཀྱི་ཡོད། མདོར་ན། ཁྲིམས་ལ་ཡིན་ནའང་གཡོལ་གྱི་ཡོད། རྒྱ་གར་ཁྲིམས་ཀྱི་དབང་བསྒྱུར་རེད། འོན་ཀྱང་མགོ་བདེ་དྲག་ནས་དེ་འདྲ་བྱས་ཏེ་འགྲོ་གི་ཡོད། དེ་ལྟ་བུའི་ལྐོག་ཟ་རུལ་སུངས་ཟེར་རྒྱུ་དེ་སྤྱི་ཚོགས་དང་ལུང་པ་སྤྱི་ཡར་རྒྱས་འགྲོ་རྒྱུར་ཧ་ཅང་འགལ་རྐྱེན་ཆགས་ཀྱི་འདུག དེ་དག་ནི་དེང་དུས་ཀྱི་ཤེས་ཡོན་གྱི་མ་འདང་བ་མ་རེད། ནང་བསམ་བློའི་ཡ་རབས་ཀྱི་སྤྱོད་པ་མ་འདང་བ་ཡིན་པ་ཧ་ཅང་གསལ་པོ་རེད།
ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། དཔེར་ན། ཆོས་ཟེར་བ་དེ་སེམས་དུལ་རྒྱུའི་དོན་དུ་རེད། འོན་ཀྱང་ཆོས་ཕྱོགས་ཀྱི་བསླབ་བྱའི་ཐོག་ནས་སེམས་དུལ་བ་ཞིག་མ་བྱུང་ན། ཆོས་ཕྱོགས་དེ་ཡང་ལྐོག་ཟ་རུལ་སུངས་བྱས་ཏེ་འགྲོ་གི་ཡོད། དེར་བརྟེན་ང་ཚོའི་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཙམ་ཞིག་ཡོད་པ་དེ་དག་གིས་མ་འོངས་པར་འཆམ་མཐུན་དང་ཞི་བདེ། འཚེ་བ་མེད་པ་ཞིག་ཡོང་རྒྱུར་ནང་སེམས་ཀྱི་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཡར་རྒྱས་གཏོང་སྟངས་དེ་ཆོས་ཕྱོགས་ཀྱི་ཐོག་ནས་ཆོས་ལུགས་གཙོ་ཆེ་བ་དེ་དག་ཚང་མའི་ལྟ་གྲུབ་མི་འདྲ་བ་ཡོད། འོན་ཀྱང་བསླབ་བྱ་གཅིག་མཚུངས་ཆགས་ཡོད། དེར་བརྟེན་སེམས་བཟང་པོ། ཡ་རབས། མི་ལ་ཕན་སེམས་བྱེད་དགོས་ཞེས་པ་དེ་ཆོས་ལུགས་ཚང་མའི་ནང་ཡོད། ཆོས་ལ་དད་པ་ཡོད་མཁན་ཚོས་སོ་སོའི་ཆོས་དེ་བསམ་པ་རྣམ་དག་ཐོག་ལག་ལེན་བསྐྱལ་ཏེ་ཕྱིན་ན་འགྲིག་གི་ཡོད། དེ་རིང་ཁ་སང་འཛམ་གླིང་ནང་དམིགས་བསལ་ཆོས་ལ་དོ་སྣང་མེད་མཁན་ཧ་ཅང་མང་པོ་ཡོད།
གཉིས་ནས་ཆོས་བརྒྱུད་བྱེ་བྲག་པ་གཅིག་སྤུས་དག་པོ་ཞིག་ཡོད་ནའང་འཛམ་གླིང་ཀུན་ལ་ཁྱབ་ཅེས་པ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། ཤེས་ཡོན་ནང་ནས་ཡ་རབས་ཀྱི་བསླབ་བྱ་བསླེབ་རྒྱུ་དེ་(Secular Way) ཐོག་ནས་བྱེད་ཐུབ་རྒྱུ་ཡོད། དེ་ལྟར་བྱེད་ཐུབ་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད་སྙམ་གྱི་ཡོད་པ་དེ་ངོས་གཅིག་པུའི་བསམ་བློ་མ་རེད། མཁས་དབང་མང་པོ་ཞིག་ལ་བསམ་བློ་དེ་སླེབས་ཀྱི་འདུག ན་ནིང་ང་ཚོས་ལྡི་ལིའི་གཙུག་ལག་སློབ་གྲྭའི་སློབ་དཔོན་(Professor)དང་ཚན་རིག་པ་དེ་འདྲའི་མཉམ་གོ་བསྡུར་བྱས་ཏེ་སློབ་ཚན་ནང་(Secular Ethics)བཟང་སྤྱོད་ཀྱི་སློབ་སྦྱོང་སྤྲོད་རྒྱུའི་འཆར་གཞི་ཞིག་བཟོ་གི་ཡོད། མི་ཚེ་དང་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་ཀླད་པ་ཡར་རྒྱས་ཀྱི་ཤེས་ཡོན་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ནང་སེམས་ཀྱི་བྱམས་བརྩེ་ཞི་བདེ་ཡོང་རྒྱུ་དེ་ཡང་མཉམ་དུ་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོ་ཕྲུ་གུ་ཚོར་ངོས་ཀྱིས་ཤོད་འདོད་བྱུང་།
སློབ་གྲྭའི་གཙོ་འཛིན་གཉིས་ཀྱི་བོད་སྐད་བརྒྱབ་པར་ངོས་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་བོད་རིགས་ཁ་ཆེའི་ཆོས་ཉམས་ལེན་བྱེད་མཁན་དེ་དག་ཆོས་བརྒྱུད་མི་འདྲ་བ་ཡོད། ང་ཚོ་བོད་པའི་མི་རིགས་ཆགས་ཡོད། འགོ་སྟོད་ལ་དྭགས་དང་ཀ་ཤི་མིར་ཕྱོགས་ནས་ཡོང་བ་རེད། འོན་ཀྱང་ཧ་ལམ་ལོ་ངོ་བཞི་བརྒྱ་ཙམ་གྱི་རིང་ལྷ་ས་དང་། གཞིས་ཀ་རྩེ། རྩེད་ཐང་དེ་ཚོའི་ས་ཁུལ་ལ་མི་རབས་ཁ་ཤས་ཤིག་གཞིས་ཆགས་ཏེ་སྡོད་མཁན་ཞིག དང་ཐོག་སྔ་མོ་ངོས་སི་རི་ལཱ་གྷར་ཡོང་སྐབས་དོ་སྣང་བྱུང་། དེ་དུས་སྤོ་བོ་ལགས་རྒྱ་བོ་ཆུང་ཆུང་ཞིག་ཡོད། སྣེའུ་ཤར་དང་ཁོང་གཉིས་སློབ་གྲྭ་གཅིག་པ་ཡིན་ཞེས་བརྗོད་བྱུང་། སྔ་མོ་ལྷ་སར་སྡོད་མཁན་ཝ་ཧི་ཌ་བོད་སྐད་བདེ་པོ་ཞེ་དྲག་ཡོད། ཁོང་ཚོའི་གྲས་དེ་ཁྱིམ་ཚང་ནང་འཛིན་ཆས་སྒྲིག་སྟངས་རྣམས་བོད་པ་ལྟར་བསྒྲིགས་ཏེ་སྡོད་ཀྱི་ཡོད། དུས་ད་ལྟ་བར་དུ་ང་རང་ཚོ་བོད་པ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་འབྲེལ་བ་དེ་ལྟར་བསྡད་པ་རེད། དེ་སྔ་ཁྱེད་རང་ཚོའི་མི་ཁོངས་ནས་ང་ཚོ་རྡ་རམ་སཱ་ལའི་སྒྲིག་འཛུགས་ནང་ལས་ཀ་བྱེད་མཁན་སྔ་ཕྱི་རིམ་པ་ཁ་ཤས་བྱུང་ཡོད། བར་སྐབས་མཚམས་ཆད་ཡོད། ངོས་ཀྱི་རེ་བར་ཁྱེད་རང་ཚོ་གཞོན་སྐྱེས་ནང་བུ་དང་བུ་མོ་དབྱེ་བ་མེད་པར་སློབ་སྦྱོང་ཡོད་པ་གཙོ་བོ་ཁྱེད་རང་ཚོ་སྒེར་ལ་འདོད་པ་ཡོད་ན། ང་ཚོའི་སྒྲིག་འཛུགས་ནང་མུ་མཐུད་ནས་ཕྲུ་གུ་གཉིས་གསུམ་ཡོང་ཐུབ་ན། ང་ཚོའི་འབྲེལ་བ་མུ་མཐུད་དེ་སྡོད་རྒྱུ་ཞིག་དང་།
ང་ཚོ་ད་ལྟ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད། དེའི་རིང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་བསྡད་ན། མ་འོངས་པར་ང་ཚོ་བོད་པའི་གནས་ཚུལ་སྔ་ཕྱི་མ་གཏོགས་འགྱུར་བ་ཏན་ཏན་འགྲོ་གི་རེད། དེ་ལྟ་བུའི་དུས་བཟང་ཤར་སྐབས་ཁྱེད་རང་ཚོ་མང་པོ་ཞིག་བོད་ལ་ལོག་རྒྱུའི་འདོད་པ་ཡོད། དེར་བརྟེན་ང་རང་ཚོ་དཀའ་ངལ་རྒྱག་པའི་སྐབས་ལ་མཉམ་དུ་བརྒྱབ། ཕྱིན་ཆད་དཀའ་ལས་བརྒྱབ་པའི་འབྲས་བུ་སྐལ་བཟང་དུས་བཟང་ཡོང་བའི་སྐབས་ལའང་ང་རང་ཚོ་ཚང་མ་དགའ་བཞིན་སྤྲོ་བཞིན་གཟི་བརྗིད་ལྡན་པའི་ངང་སོ་སོའི་ལུང་པ་སླེབས་ཐུབ་རྒྱུ་ཞིག་བྱུང་ན་ཡག་པོ་འདུག ལས་བྱེད་ཁ་ཤས་འདི་ནས་ཡོང་ཐུབ་ན་ཁྱེད་རང་ཚོ་སེམས་ལ་ཞོག་སོ་སོའི་བློ་ལ་འབབ་པ་ཞིག་དགོས། དེ་བཞིན་འདིར་སློབ་གྲྭའི་ཐོག་ལ་འགྲོ་སོང་མ་གཞི་བཙན་བྱོལ་བ་རེད་ཀྱང་། ཕྲན་བུ་ང་ཚོས་ཞབས་འདེགས་སྒྲུབ་ཡོད། མ་འོངས་པར་ཡང་ཁྱེད་རང་ཚོར་དམིགས་བསལ་དངུལ་གྱི་དཀའ་ངལ་འཕྲད་ནས་དགོས་མཁོ་བྱུང་ན། མ་གཞི་ས་གནས་གཞུང་ནས་རོགས་པ་བྱེད་ཀྱི་རེད། འོན་ཀྱང་དམིགས་བསལ་ང་ཚོར་བརྗོད་དགོས་བྱུང་ན། ཁྱེད་རང་ཚོས་འཛེམས་ཟོན་མེད་པར་ཁ་ཐུག་བརྗོད་ཤོག་ཨང་། ཁྱེད་རང་ཚོར་རོགས་རམ་བྱེད་དགོས་པ་དེ་ང་ཚོའི་ལས་འགན་རེད། ང་རང་ཚོ་ཚང་མ་དངོས་གནས་དྲང་གནས་དམ་ཚིག་གཙང་མ། ལ་རྒྱ། ཞེན་ཁོག ཆིག་སྒྲིལ་ཧ་ཅང་ཡག་པོ་ཡིན། ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་བཀའ་སློབ་སྩལ་ཡོད།།