༢༠༡༢ ཟླ་ ༧ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༥ ནས་ ༧ བར་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་གི་མཐའ་མཚམས་སུ་ཡོད་པའི་གྷེ་རི་སོན་བསྟི་གནས་ཁང་(Garrison Institute)དུ་ནང་ཆོས་ངོ་སྤྲོད་དང་མཚམས་བསྙེན་སྒྲུབ་སྡུག་སྟངས་སྐོར་ལ་ཨ་རི་དང་ཁེ་ན་ཌ་བཅས་ནས་གཙུག་ལག་སློབ་གྲྭ་བཅུ་དྲུག་གི་སློབ་མ་གྲངས་ ༦༠ ཙམ་ལ་ཉིན་གསུམ་རིང་ཟབ་སྦྱོང་ལེགས་གྲུབ་བྱུང་ཡོད། སློབ་མ་དེ་ཁོངས་ནས་བོད་རིགས་དང། ཧི་མཱ་ལ་ཡ། སོག་པོ་བཅས་ཀྱང་ཡོད།
ཟབ་སྦྱོང་སྐབས་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཨི་མོ་རི་དང་བོད་ཀྱི་ཚན་རིག་ལས་གཞི་ (Emory Tibet Science Initiative) ཚན་པའི་སློབ་སྟོན་པ་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་དང་ཝི་ཀརྨ་ཤི་ལ་དགེ་རྩ་ཚོགས་པ། དཔལ་ལྡན་ས་སྐྱ་བསྟི་གནས་ཁང་གསར་འཛུགས་གནང་མཁན་བླ་མ་པདྨ་དབང་གྲགས་ལགས་རྣམ་གཉིས་ཀྱིས་ཟབ་སྦྱོང་སྐབས་ལམ་སྟོན་གཙོ་བོ་གནང་འདུག
དེ་བཞིན་༸གོང་ས་མཆོག་གི་ཨིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་ (Jewel Heart) ཞེས་པའི་བསྟི་གནས་ཁང་གསར་འཛུགས་གནང་མཁན་དགེ་ལེགས་རིན་པོ་ཆེས་ཀྱང་ཟབ་སྦྱོང་བ་རྣམས་ལ་ལམ་སྟོན་གསུང་བཤད་གནང་ཡོད། དེ་ཡང་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་ཀྱིས་ནང་ཆོས་ངོ་སྤྲོད་དང། སྐྱེ་བ་སྔ་ཕྱི། ལས་འབྲས། འཕགས་ལམ་ཡན་ལག་བརྒྱད། ནང་ཆོས་དང་ཚན་རིག་བཅས་ཀྱི་ཐོག་སློབ་ཁྲིད་གནང་ཡོད། དེ་བཞིན་བླ་མ་པདྨ་དབང་གྲགས་ལགས་ཀྱིས་སྒོམ་ཉམས་ལེན་དང། ཕར་ཕྱིན་དྲུག བྱམས་བརྩེ་དང་ཤེས་རབ་བཅས་ཀྱི་སྐོར་སློབ་ཁྲིད་གནང་། དེ་བཞིན་དགེ་ལེགས་རིན་པོ་ཆེས་ནང་ཆོས་ཤེས་པའི་ཐོག་ནས་སྲུང་སྐྱོབ་བྱ་དགོས་སྐོར་མ་ཟད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་འབྱུང་ཁུངས་སྐོར་སོགས་ངོ་སྤྲོད་གནང་ཡོད། ཕྱོགས་མཚུངས་ཉིན་མཐའ་མར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བློ་སྦྱོང་སྐོར་ལམ་སྟོན་ངོ་སྤྲོད་གནང་ཡོད།
གཞི་རྩའི་ཉིན་གསུམ་གྱི་ནང་ཆོས་སྐོར་གྱི་ཟབ་སྦྱོང་དེ་བཞིན་ཨ་རིའི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་Dalai Lama Trust དང་ཁེ་ན་ཌེའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་གནའ་བོའི་རིག་གཞུང་སྲུང་སྐྱོབ་བསྟི་གནས་ཁང་ Institute of Tibetan Classics གིས་མཐུན་འགྱུར་གནང་བ་ཞིག་ཡིན་པ་མ་ཟད། ཁེ་མི་ལ་ཐེབས་རྩ་ཁང་ Camella Foundation ནས་དཔལ་འབྱོར་རོགས་རམ་གནང་བ་ཞིག་ཡིན་འདུག་པ་བཅས།།