༢༠༡༢ ཟླ་ ༧ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༨ ཉིན་ཧོང་རྒྱལ་ས་ཊོཀ་ཁྱོར་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོར་ཕེབས་ཏེ་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛི་ཨ་བྷེ་མཆོག་གིས་གཙོས་ཉི་ཧོང་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་གཅིག་མཇལ་འཕྲད་གནང་ཡོད་པ་མ་ཟད།
བཀའ་བློན་མཆོག་གིས་ཕྱི་ཚེས་ ༧ ཉིན་ཁུལ་དེའི་ཨུ་ཀུ་རའི་མགྲོན་ཁང་དུ་ Hotel Okura ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར་ལྷན་ཞུགས་གནང་ཡོད། སྐབས་དེར་མི་གྲངས་ ༢༧༠ ཙམ་མཉམ་ཞུགས་ཀྱིས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཐེངས་འདིའི་ཉི་ཧོང་ནང་༸གོང་ས་མཆོག་གི་སྐུའི་འཁྲུང་སྐར་དུས་ཆེན་སྲུང་བརྩི་ཐེངས་ ༢༠ དེ་ཆགས་ཡོད་པ་བཅས།།