༢༠༡༢ ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པ།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསུམ་ལ་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལེགས་སྐྱེས་ཕྱག་རྟགས་ཕུལ་བའི་སྲི་ཞུ་བ་གསུམ་གྱི་ལོ་རྒྱུས་སྙིང་བསྡུས་ནི།
༡༽ བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ནི།
ཕྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༡ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༨༩ ཟླ་ ༡༡ ཚེས་ ༡ ཉིན་ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༤ ཟླ་ ༡ ཚེས་ ༣ ནས་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༡༠ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡ ནས་བཀའ་དྲུང་གི་ལས་འཁུར་བཞེས་མུས་བཞིན་ད་བར་ཁྱོན་ཞབས་ལོ་ ༢༥ སྲི་ཞུའི་ཞབས་འདེགས་ཞུས་འདུག
༢༽ དྲུང་ཆེ་སྐྱེད་རྟ་ནོར་བུ་དོན་ལྡན་ལགས་ནི།
ཕྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༡ ནས་སྐུ་སྒེར་ཡིག་ཚང་གི་རྒན་དྲུང་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་དྲུང་ལས་སུ་གནས་སྤར། ཕྱི་ལོ ༡༩༩༣ ཟླ་ ༦ ཚེས་ ༡༡ ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ ༡༩༩༩ ཟླ་ ༡ ཚེས་ ༢༩ ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༡ ནས་ཕྱི་དྲིལ་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་ ༤ ཚེས་ ༡༦ ནས་ཆོས་རིག་ལས་ཁུངས་སུ་གནས་སྤོས་ཐོག་དྲུང་ཆེ་ལས་འཕར་དུ་གནས་སྤར། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡ ནས་དྲུང་ཡིག་ཆེན་མོར་གནས་སྤར་ཐོག་བཀའ་ཡིག་ངེས་མེད་སྡེ་ཚན་དུ་གནས་སྤོས་ཀྱིས་ལས་འཁུར་བཞེས་མུས་བཞིན་ད་བར་ཁྱོན་ཞབས་ལོ་ ༢༥ སྲི་ཞུའི་ཞབས་འདེགས་ཞུས་འདུག
༣༽ ཟུང་དྲུང་དཔལ་བྱང་ཚེ་རིང་རྡོ་རྗེ་ལགས་ནི།
ཕྱི་ལོ་ ༡༩༨༧ ཟླ་ ༢ ཚེས་ ༢ ནས་གཞོན་དྲུང་གནས་རིམ་ཐོག་བདེ་སླར་འཕྲུལ་རྨོས་འགན་འཛིན་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ ༡༩༨༨ ཟླ་ ༡༠ ཚེས་ ༡ ནས་ཨོ་རི་ས་འཕྲུལ་རྨོས་འགན་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དོའི་གནས་རིམ་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༨ ནས་སྡེ་འགན་དུ་གནས་སྤར། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༣༠ ནས་དྲུང་ལས་སུ་གནས་སྤར་ཐོག་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༢༡ ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༠ ནས་ཟུང་དྲུང་དུ་གནས་སྤར། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༦ ནས་ལོ་ ༣ རིང་རྒས་ཡོལ་ཕར་འགྱངས་ཀྱིས་ནང་སྲིད་ཟུང་དྲུང་གི་ལས་འགན་ཞུ་མུས་བཞིན་ད་བར་ཁྱོན་ཞབས་ལོ་ ༢༥ སྲི་ཞུའི་ཞབས་འདེགས་ཞུས་འདུག