༢༠༡༢ ཟླ་ ༧ ཚེས་ ༥ རེས་གཟའ་ཕུར་བུ།
༅༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༤ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གཞི་རིམ་འོག་མའི་དགེ་འོས་ཐེངས་གསུམ་པ་འགོ་འཛུགས་གནང་བ་དང༌། འོས་སྦྱོང་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་དང་རིགས་ལམ་མ་ལག་དང་བཅས་པའི་འགན་འཛིན་གཞོན་པ་སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་ཕེབས་ཡོད།
<p>
ཐོག་མར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ས་རཱ་མཐོ་སློབ་ཀྱི་སློབ་དུས་དབུ་འབྱེད། དེ་བཞིན་དགེ་འོས། ས་རཱ་སློབ་མ་གསར་རྙིང་ཚང་མར་སློབ་དུས་གསར་བའི་བྱེད་སྒོ་རྣམ་གསུམ་དང་འབྲེལ་བའི་སྐོར་གསུང་བཤད་གནང༌། དེ་ནས་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་གཞི་རིམ་འོག་མའི་དགེ་འོས་ལས་འཆར་དང་འབྲེལ་བའི་གནད་དོན་སྐོར་ཞིབ་ཕྲ་སྒྲོགས་སྦྱང་གནང་རྗེས་སྐུ་མགྲོན་གཙོ་བོས་ས་རཱ་མཐོ་སློབ་ཀྱི་སློབ་དགེ་གསར་པ་གསུམ་ལ་མཇལ་དར་དང༌། རིགས་སློབ་དབུ་འཛིན་གཞོན་པས་དྭང་སློབ་བཞི་དང་སློབ་གྲྭའི་རྒན་བདག་ལ་མཇལ་དར་གཡོགས་ནས་རིགས་སློབ་ཀྱི་དམིགས་ཡུལ་དང་མཐུན་པར་ཤེས་ཡོན་ཐོག་འབད་འབུངས་དགོས་པའི་ལམ་སྟོན་གསུང་བཤད་གནང༌། མཐར་སྐུ་མགྲོན་གཙོ་བོས་ཤེས་ཡོན་གྱི་དགོས་དམིགས་གཙོ་བོ་ལྟོ་གོས་གཏམ་གསུམ་ཆེད་དུ་མིན་པར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་དགོས་དམིགས་སྒྲུབ་ཐབས་དང་འབྲེལ། གཞན་ཕན་གཙོ་བཟུང་གིས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་ཤེས་ཡོན་ལ་གཞོལ་དགོས་པའི་ལམ་སྟོན་དང༌། དགེ་རྒན་ལས་ཀ་ནི་འདི་ཕྱི་གཉིས་ཕན་གྱི་དམིགས་བསལ་ཅན་ཞིག་ཡིན་སྐོར་སོགས་ལམ་སྟོན་གསུང་བཤད་གནང༌ཡོད།
<p>
ཐེངས་འདིའི་འོས་སྦྱོང་ནང་ས་རཱ་མཐོ་སློབ་དང་ཝཱ་ཎ་མཐོ་སློབ། རྒྱ་གར་མཐོ་སློབ་ཁག་ནས་ཉེ་བའི་གཙུག་ལག་རབ་འབྱམས་སློབ་ཐོན་སློབ་མ་གྲངས་ ༡༩ གོ་སྐབས་གནང་ཡོད་པ་དང༌། འོས་སྦྱོང་པ་རྣམས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༠ བར་ལོ་གཅིག་དང་ཕྱེད་ཀའི་རིང་ས་རཱ་མཐོ་སློབ་དང་ཨེམ་དྷ་བྷཊ་ཀེར་ལོག་དགེ་འོས་སློབ་ཁང་བཅས་སུ་དགེ་འོས་སྦྱོང་བརྡར་གནང་གཏན་འཁེལ་ཡོད་པ་རེད།།