༢༠༡༢ ཟླ་ ༧ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་དམིགས་བསལ་དུས་ཚེས་ཡིན་པ་ལྟར། ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་དང༌། རྟེན་འབྲེལ་ཞུ་ཆེད་སྔ་སྣུར་གྱིས་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཕྱི་རྒྱལ་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་འདུ་འཛོམས་རྒྱས་པོ་ཞིག་གོ་སྒྲིག་གནང་ཡོད།
གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་བོད་ཀྱི་ཁང་པར་གོ་སྒྲིག་ཞུས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་འདུ་འཛོམས་དེར་ཕྱི་རྒྱལ་གྲོགས་པོ་དང༌། རྒྱ་གར་གྲོགས་པོ། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་སྣ། སོག་རིཌ། རྒྱ་རིགས་ཤེས་ཡོན་ཅན་དང༌། རྩོམ་པ་པོ། སློབ་ཕྲུག གཞུང་ཞབས་ཟུར་པ། གཞུང་འབྲེལ་མ་ཡིན་པའི་བོད་པའི་ཚོགས་པ་དང་སྐྱིད་སྡུག་ཁག་གི་སྣེ་འཁྲིད་པ་སོགས་སྐུ་མགྲོན་ ༡༥༠ ལྷག་ཙམ་གདན་འདྲེན་ཞུས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དོན་བདུན་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་སྲུང་བརྩི་ཞུས་ཡོད།
ཐོག་མར་དགེ་འདུན་པ་རྣམས་ཀྱིས་ཞལ་འདོན་གྱི་རྟ་དབྱངས་འཐེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ཚིག་གསུངས་རྗེས། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ཚང་མའི་སྐུ་ཚབ་ཞུས་ཏེ་བཞུགས་ཁྲི་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས། འདུ་འཛོམས་ལ་ཕེབས་པའི་ཕྱི་ནང་གི་སྐུ་མགྲོན་ཡོངས་ལ་འཚམས་འདྲིའི་གསུང་བཤད་མདོར་བསྡུས་ཤིག་གནང་བའི་ནང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་པ་ངོ་སྤྲོད་དང་འབྲེལ་གཞིས་ལུས་བོད་མི་རྣམས་ལ་རང་གི་དབུ་ཁྲིད་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུ་ཆོག་གི་མེད་པ་དང༌། བོད་མི་བཙན་བྱོལ་བ་རྣམས་ལ་འཁྲུངས་སྐར་སྲུང་བརྩི་ཞུ་བའི་རང་དབང་ཡོད་པའི་སྐོར་དང༌། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་དང་དྲག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ཀྱང༌། གཞིས་ལུས་བོད་མི་ཚོས་ཉེན་ཁར་མ་འཛེམས་པར་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་ངོ་སྤྲོ་གནང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་བཞུགས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གི་སྐུ་ཚབ་དང༌། ནིའུ་ཡོཀ་གྲོང་ཁྱེར་དང༌། ནིའུ་འཇར་སི་ཁུལ་དུ་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན། ཧི་མཱ་ལ་ཡའི་རི་རྒྱུད་མི་རིགས་ཀྱི་སྐུ་ཚབ་སོགས་འདུ་འཛོམས་ལ་ཕེབས་པའི་ཕྱི་ནང་གི་སྐུ་མགྲོན་ ༡༥༠ ཙམ་གྱིས་ཕན་ཚུན་གཅིག་གིས་གཅིག་ལ་ངོ་སྤྲོད་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་དང༌། གང་ཉིད་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུས་ནས་སྐུའི་འཁྲུངས་སྐར་དེ་བཞིན་དགའ་དད་སྤྲོ་གསུམ་གྱི་རྣམ་པའི་ཐོག་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
བྱང་ཨ་རིའི་ཁྱབ་ཁོངས་སུ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ཙམ་ཡོད་པ་དང༌། ས་གནས་ཚང་མས་བཀའ་ཤག་གི་བཀའ་འབྲེལ་ལྟར་ས་གནས་སོ་སོའི་གནས་བབ་ལ་གཞིགས་སྟེ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་ཅིང༌། བོད་མི་འདུས་སྡོད་མང་ཤོས་ཡིན་པའི་ནིའུ་ཡོཀ་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ཟླ་ ༧ ཚེས་ ༧ དང་ཚེས་ ༨ ཉིན་གཉིས་རིང་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུ་གཏན་འཁེལ་ཡོད་པ་རེད།
ཐེངས་འདིའི་འཁྲུངས་སྐར་སྲུང་བརྩིའི་འདུ་འཛོམས་ལ་རྒྱ་རིགས་ཤེས་ཡོན་ཅན་ ༤༠ ཙམ་མཉམ་ཞུགས་གནང་ཡོད་པ་དེ་ཚོས་ཧ་ཅང་གི་དགའ་སྤྲོའི་རྣམ་འགྱུར་བསྟན་པ་མ་ཟད། འདུ་འཛོམས་སྐབས་ཆེད་དུ་གྲ་སྒྲིག་བྱས་པའི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་ལ་དེ་བས་དགའ་མོས་ཆེན་པོ་གནང་ཡོད་པ་བཅས།།