༢༠༡༢ ཟླ་ ༧ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༤ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཧི་མཱ་ཅལ་མངའ་སྡེའི་ཀང་ར་རྫོང་དུ་ཕོར་ཊི་སི་སྨན་ཁང་(Fortis Hospital) ཞེས་པ་གསར་བཞེངས་གནང་བའི་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨ༝ན་སྩལ་གྱིས་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་སྨན་ཁང་དབུ་འབྱེད་དང་སྦྲགས་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཚོ། ངོས་རང་ས་གནས་འདིར་གཞིས་ཆགས་ཏེ་ལོ་ངོ་ ༥༢ ལྷག་འགྲོ་བཞིན་ཡོད། དུས་ཡུན་དེའི་རིང་ཁུལ་འདིར་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། ངོས་རང་མེཀ་ལོ་གན་ཆིར་ཐོག་མར་འབྱོར་སྐབས་ཚོང་ཁང་གཉིས་ལས་མེད། ད་ཆ་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཡར་རྒྱས་ཧ་ཅང་ཕྱིན་ཡོད།
ད་དུང་ཡར་རྒྱས་ཀྱི་རྣམ་པ་ཇེ་ཆེར་འགྲོ་བཞིན་པ་ནི་བློ་སྤོབས་སྐྱེ་གཞི་ཞིག་རེད། སྨན་ཁང་གསར་པ་འདིར་སྙིང་གཤག་བཅོས་བྱེད་རྒྱུའི་ཆ་རྐྱེན་ཡོད་པ་དེ་དག་ཧ་ཅང་ཡག་པོ་རེད། ངོས་ཀྱིས་ཨ་རི་དང་ཡུ་རོབ་ཁུལ་གྱི་སྨན་ཁང་འགའ་ཤས་ནང་རྒྱ་གར་གྱི་སྨན་པ་ཡོད་པ་མཐོང་བྱུང། དཔེར་ན། ངོས་རང་ལོ་ལྟར་ལུས་པོ་བརྟག་དཔྱད་བྱེད་ས་ཨ་རིའི་ནང་གི་མ་ཡོའི་སྨན་ཁང་ (Mayo Hospital) དེར་རྒྱ་གར་སྨན་པ་ཞིག་འདུག དེར་བརྟེན་ངོས་ཀྱིས་བསམ་པར་སྨན་གྱི་སློབ་སྦྱོང་དང་དེ་བཞིན་རིག་པའི་གནད་གཞན་གྱི་ནང་རྒྱ་གར་བ་ཚོའི་གནས་ཚད་ཐོན་པོར་སོན་ཡོད་པའི་ཚོར་སྣང་བྱུང།
དེར་བརྟེན་རྒྱ་གར་གྱི་སྨན་པ་ཚད་ལྡན་ཚོས་རྒྱ་གར་ཡུལ་གྱི་མངའ་སྡེ་དང་ས་ཁུལ་ཁག་ཏུ་སྨན་ཁང་བཙུགས་ཏེ་རྒྱལ་ཁབ་རང་ཉིད་ཀྱི་ཡུལ་མི་ཚོར་ཞབས་ཕྱི་ཞུ་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ཅན་ཞིག་ཡིན་པར་ངོས་ཀྱིས་ངོས་འཛིན་ཞུ་རྒྱུ་ཡིན། རྒྱ་གར་ནང་དེང་རབས་ཀྱི་སྨན་ལུགས་ (Allopathy) མ་དར་སྔོན་དུ་ལོ་ངོ་སྟོང་གི་ཚེའི་རིག་འབྱེད་ཀྱི་སྨན་ལུགས་ (Ayurved) ཡོད། དེར་བརྟེན་དེང་རབས་སྨན་ཁང་གི་ཡན་ལག་ལྟ་བུར་སྲོལ་རྒྱུན་གྱི་སྨན་ཁང་རྒྱག་རྒྱུར་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་མཐོང་བཞིན་འདུག ངོས་ཀྱིས་ཉམས་མྱོང་གི་ཐོག་ནས་བརྗོད་ན། བོད་པའི་གསོ་བ་རིག་པའི་སྨན་གྱིས་ལུས་པོའི་ནད་གཞིར་ཧ་ཅང་ཕན་ཐོགས་ཡོད་པ་མྱོང་བ་བྱུང། གསོ་བ་རིག་པའི་སྨན་ལུགས་མཐར་ཐུག་གཞི་བཅོལ་ས་ནི་རྒྱ་གར་ཚེའི་རིག་འབྱེད་ཡིན། བོད་ནང་དེ་སྔ་ཤོད་སྲོལ་འདི་འདྲ་ཞིག་ཡོད། སྨན་པ་ཧ་ཅང་མཁས་ཀྱང་བྱམས་བརྩེའི་བསམ་བློ་མེད་ན། ཁོང་ཚོས་སྤྲད་པའི་སྨན་གྱིས་ནད་གཞིར་དེ་ཙམ་ཕན་གྱི་མེད་པ་དང། དེ་ལས་ལྡོག་སྟེ་སྨན་པ་དེ་ཙམ་མཁས་པོ་མིན་ཡང་བྱམས་བརྩེའི་ཀུན་སློང་ཡོད་ན་ཁོང་ཚོས་སྤྲད་པའི་སྨན་གྱིས་ནད་གཞིར་ཧ་ཅང་ཕན་ཐོགས་ཆེ་བ་ཡོང་བཞིན་ཡོད།
ངོས་ཀྱིས་ཉམས་མྱོང་ཐོག་ནས་བརྗོད་ན། སྨན་པས་ངོས་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་སྐབས་འཛུམ་མདངས་ཀྱི་རྣམ་འགྱུར་མ་བསྟན་ཚེ་འཕྲུལ་ཆས་ལྟ་བུའི་ཚོར་སྣང་ཡོང་བཞིན་འདུག དེ་ལྟར་མིན་པར་སྨན་པས་བྱམས་བརྩེའི་བསམ་བློའི་ཐོག་ནས་འཛུམ་མདངས་ཀྱི་རྣམ་འགྱུར་སྟོན་སྐབས་སེམས་པ་ཧ་ཅང་སྐྱིད་པའི་ཚོར་སྣངཡོང་བཞིན་འདུག དེར་བརྟེན་འདི་གར་ཕེབས་པའི་སྨན་པ་དང་སྨན་ཞབས་པ་ཚོས་ནད་པར་བྱམས་བརྩེའི་ཀུན་སློང་གིས་ནད་པའི་བདེ་དོན་ཁོ་ནར་དམིགས་ཏེ་སྨན་བཅོས་བྱས་ན། ནད་པར་སྙིང་སྟོབས་དང་གདེང་སྤོབས་བསྐྲུན་ཏེ་ན་ཚ་དྲག་སྐྱེད་མྱུར་བ་ཡོང་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ནས་འཚེ་བ་མེད་པའི་ (Ahimsa) ལྟ་གྲུབ་ཉམས་ལེན་བྱེད་བཞིན་ཡོད། ཨ་ཧིམ་ས་བརྗོད་སྐབས་འཇིག་སྣང་དབང་གིས་འཚེ་བའི་ལས་འཛེམས་རྒྱུ་དེ་འདྲ་ཞིག་རྩ་བ་ནས་མིན། ཨ་ཧིམ་ས་ཞེས་པའི་གོ་དོན་ནི་གཞན་གྱི་ཚེ་སྲོག་ལ་གུས་བརྩི་དང་གཞན་གྱི་བདེ་དོན་ལ་བསམ་བློ༞་གཏོང་རྒྱུ་དེ་ཡིན། ཀུན་སློང་དེ་འདྲ་ཞིག་ཡོད་ཚེ་རང་བཞིན་གྱིས་གཞན་ལ་འཚེ་བའི་བྱ་སྤྱོད་ལ་འཛེམ་ཟོན་ཡོང་རྒྱུ་ཡིན།
དེ་འདྲ་ཞིག་ལ་འཚེ་བ་མེད་པ་ཞེས་བརྗོད་དགོས། འཚེ་བ་མེད་པ་ཞེས་པ་དེ་སྙིང་སྟོབས་མེད་པའི་གོ་དོན་ཞིག་རྩ་བ་ནས་མིན་པར་ནང་གི་སྙིང་སྟོབས་ཞིག་ལ་གོ་དགོས། ནང་གི་སྙིང་སྟོབས་དེ་བྱམས་བརྩེ་དང་སྙིང་རྗེའི་བསམ་པའི་ཐོག་ནས་ཡོང་དགོས། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ལོ་ངོ་སྟོང་ནས་ཡོད་པའི་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་དེ་བཞིན་དེང་སྐབས་འཛམ་གླིང་ནང་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
སྤྱིར་ཕོར་ཊི་སི་ཧེལ་ཐི་ཀེར་ལི་མི་ཊི་ཌི་ ( Fortis Health care Limited)ཞེས་པའི་སྨན་ཁང་འདི་རྒྱ་གར་རྒྱལ་ཡོངས་ནང་ཡོངས་གྲགས་ཆེ་བའི་སྨན་ཁང་ཞིག་ཡིན་པ་དང་སྨན་ཁང་དེའི་ཡན་ལགས་རྒྱ་གར་ས་ཁུལ་འདྲ་མིན་ནང་བཙུགས་ཟིན་ཡོད་ནའང། ཧི་མཱ་ཅལ་མངའ་སྡེའི་ནང་ཡན་ལག་སྨན་ཁང་བཙུགས་པ་ཐོག་མ་དེ་ཆགས་ཡོད། ཡན་ལག་སྨན་ཁང་འདིའི་ནང་ནད་པའི་ཉལ་ཁྲི་ ༩༥ ཡོད་པ་དང་གཤག་བཅོས་བྱེད་སའི་ཁང་པ་གསུམ། ཛ་དྲག་ནད་གཞི་བརྟག་དཔྱད་ཁང་ (ICU) འགའ་ཤས་ཡོད་པ་དང། དེ་བཞིན་སྐྱེ་མ་ཐག་པའི་ཕྲུ་གུ་མ་འབྱར་ལ་སྨན་བཅོས་ཆེད་སྨན་བཅོས་ཁང་ནང་(Neonatal ICU) ཉལ་ཁྲི་ ༥ ཡོད་པ་སོགས་ཕྲུ་གུ་སྐྱེ་རྒྱུའི་མཐུན་འགྱུར་ཆ་ཚང་བ་ཞིག་ཡོད་འདུག་པ་བཅས།།