༢༠༡༢ ཟླ་ ༦ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ཡུ་རོབ་ EU དང་ཨ་རི་ United States of America ཅེཀ་སྤྱི་མཐུན་རྒྱལ་ཁབ་ Czech Republic ཕ་རན་སི་ France སུད་སི་ Switzerland སུ་ཝི་ཌེན་ Sweden ཁེ་ན་ཌ་Canada བྷེལ་ཇམ་ Belgium སོགས་ཀྱིས་རྒྱལ་ཁབ་བརྒྱད་ཀྱིས་དེང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་ཡོད། དེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚབ་ཞུས་ཏེ་ཌེན་མཀ་སྐུ་ཚབ་འཐུས་མིས་གསུང་དོན།
གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་ལ་ཆ་མཚོན་ན། བོད་ནང་དང་དེ་བཞིན་བོད་རིགས་གནས་སའི་ས་ཁུལ། ལྷག་པར་ཟི་ཁྲོན་ཞིང་ཆེན་ Sichuan Province སོགས་ཀྱི་ནང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཡུ་རོབ་སྤྱི་མཐུན་ཚོགས་པར་བློ་འཚབ་ཡོད་པ་མ་ཟད། ཁུལ་དེ་དག་ནང་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་སོགས་ཀྱི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན། ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་དམ་བསྒྲགས་བྱས་པའི་གནས་ཚུལ་སོགས་ལ་ཧ་ཅང་སེམས་འཚབ་ཡོང་བཞིན་འདུག དེར་བརྟེན་ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་དང་ཤིང་ཅང་སོགས་ཀྱི་གཙོས་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད། འདུ་འཛོམས། སྐད་ཡིག ཐུན་མིན་གོམས་སྲོལ་ལག་བསྟར་བྱ་རྒྱུ། དེ་བཞིན་ཆོས་དད་རང་དབང་སོགས་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་བཞིན་ཨ་རིའི་སྐུ་ཚབ་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་རང་དང་ལྟ་སྤྱོད་མི་མཐུན་པའི་མི་རྣམས་འཛིན་བཟུང་འོག་ཉེས་འཛུགས་འདྲ་མིན་བྱས་ཏེ་བཙན་ཐབས་ཀྱིས་གར་སོང་ཆ་མེད་བཟོ་བཞིན་ཡོད་པ་མ་ཟད། ཁྲིམས་འགལ་ཉེས་ཆད་བཏང་བ་དང། དྲ་རྒྱར་དམ་བསྒྲགས་བྱས་པ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་ཁྲིམས་རྩོད་པར་ཁྲིམས་ཆད་བཏང་བ། དེ་བཞིན་ཆོས་ལུགས་རང་དབང་ལ་དམ་བསྒྲགས་ཆེ་རུ་བཏང་བ་མ་ཟད། རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་དང་ཤིང་ཅང་སོགས་ཀྱི་ཆོས་དང་སྐད་ཡིག དེ་བཞིན་ཐུན་མིན་རིག་གཞུང་སོགས་ལ་དམ་བསྒྲགས་བྱེད་བཞིན་པ་དེར་ཧ་ཅང་སེམས་འཚབ་ཡོད། ཅེས་གསུངས།
ཕྱོགས་མཚུངས་སྐབས་དེར་བྷེལ་ཇམ་སྐུ་ཚབ་འཐུས་མིས་གསུང་དོན། རྒྱ་ནག་གཞུང་གིས་བཙན་དབང་འོག་འཛིན་བཟུང་བྱས་པ་དང། གར་སོང་ཆ་མེད་དུ་གྱུར་བ་བཟོ་རྒྱུའི་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་མ་ཟད། ད་བར་གར་སོང་ཆ་མེད་དུ་གྱུར་བ་རྣམས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཡིན་ཐོག་གསལ་བཤད་བྱེད་དགོས། རྒྱ་ནག་གཞུང་གིས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ནང་བོད་མི་ཞི་རྒོལ་བ་ཚོར་དམ་བསྒྲགས་ཤུགས་ཆེ་བྱས་པ་དེར་ཧ་ཅང་སེམས་འཚབ་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་བཏང་བ་དེས་ཁོང་ཚོར་ཆོས་དད་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་མེད་པར་བརྟེན་སེམས་ནང་གི་དཀའ་ངལ་མཚོན་བཞིན་ཡོད། ཅེས་གསུངས།
དེ་བཞིན་སུ་ཝི་ཌེན་སྐུ་ཚབ་མཆོག་གིས་གསུང་དོན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཁྲིམས་ལུགས། དེ་བཞིན་སྨྲ་བརྗོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོར་རྒྱ་ནག་གཞུང་གིས་སུན་གཙེར་བཟོ་བཞིན་པ་སོགས་ལ་སུ་ཝི་ཌེན་གཞུང་གིས་སེམས་འཚབ་ཧ་ཅང་བྱེད་བཞིན་ཡོད་པ་བསྐྱར་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་གི་ནང་དུ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱེད་བཞིན་པ་དེ་ནི་བློ་འཚབ་སྐྱེ་གཞི་ཞིག་ཆགས་ཡོད། དེར་བརྟེན་སུ་ཝི་ཌེན་གཞུང་གིས་བོད་དང་ཤིང་ཅང་སོགས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ་ཡིན། ཞེས་གསུངས།
དེ་བཞིན་ཁེ་ན་ཌའི་སྐུ་ཚབ་མཆོག་གིས་གསུང་དོན། ང་ཚོ་འཛམ་གླིང་ཁྱོན་ཡོངས་སུ་ཆོས་དད་རང་དབང་ཐོག་སེམས་འཚབ་ཆེན་པོ་ཡོད་པ་དང་། བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་ཆོས་ལུགས་ལ་དམ་བསྒྲགས་བྱེད་བཞིན་པ་དེར་བློ་འཚབ་ཡོད། ཅེསགསུངས།
དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་འཐུས་མིས་གསུང་དོན། ད་ལྟ་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་གནས་སྟངས་ཛ་དྲག་ཡོད་པ་དེར་གཞི་བཅོལ་ཏེ་ང་ཚོས་རྒྱ་ནག་གཞུང་ལ་ས་ཁུལ་དེ་དག་ནང་གཞུང་ཚབ་དང་གསར་འགོད་པས་གཙོས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་མི་གཏོང་དགོས་པའི་རེ་འདུན་འདོན་རྒྱུ་ཡིན། ཞེས་གསུངས།
དེ་བཞིན་ཕ་རན་སི་དང་སུད་སི་སྐུ་ཚབ་འཐུས་མིས་བོད་ནང་གི་གནས་སྟངས་ཐོག་སེམས་འཚབ་ཧ་ཅང་ཡོད་སྐོར་གྱི་གསུང་བཤད་གནང་ཡོད། ཕྱོགས་མཚུངས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་ Human Rights Watch གི་སྐུ་ཚབ་འཐུས་མིས་གསུང་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧ ཉིན་ལྷ་སའི་ཇོ་ཁང་མདུན་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་ལྷ་སའི་གཞུང་ལམ་ཐོག་རྒྱ་མིའི་ཉེན་རྟོག་དམག་མིས་བོད་མིའི་ངོ་སྤྲོད་ལག་ཁྱེར་ཞིབ་བཤེར་བྱ་རྒྱུ་སོགས་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། རང་ལུས་མེར་སྲེག་གཏོང་སའི་ས་ཁུལ་ནས་ཡིན་པའི་ལྷ་སར་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལྷ་ས་ཙམ་མ་ཟད། བོད་རང་སྐྱོང་ལྗོངས་ནས་ཕྱིར་འབུད་བྱེད་བཞིན་པ་དང། བོད་མི་དེ་ཚོས་ཁྲིམས་འགལ་གྱི་ཉེས་བསགས་གང་ཡང་བྱེད་མེད།
དེ་མིན་ལྷ་ས་ནས་བོད་རིགས་མིན་པ་གཅིག་ཀྱང་ཕྱིར་འབུད་གཏང་བའི་གནས་ཚུལ་བྱུང་མེད། གཞན་ཡང་ད་དུང་རྒྱ་ནག་གཞུང་གིས་ལྷ་སའི་ནང་བོད་མི་གསུམ་ལས་མང་བ་ས་གནས་གཅིག་ཏུ་འདུ་འཛོམས་བྱེད་མ་ཆོག་པའི་བཙན་བཀའ་བཏང་ཡོད། དེ་བཞིན་བོད་མིའི་འདུ་འཛོམས་དང་འཚོགས་འདུ་ཚོགས་རྒྱུའི་རང་དབང་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པར་ར་སྤྲོད་བྱུང་ཡོད། དམ་བསྒྲགས་མུ་མཐུད་གནས་ཚེ་གནས་སྟངས་དེ་བས་ཛ་དྲག་ཏུ་འགྲོ་ཉེན་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་བོད་མིར་འདུ་འཛོམས་ཀྱི་རང་དབང་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་ཉིན་སྔ་དྲོའི་ཚོགས་ཐུན་ཞིག་གི་སྐབས་ངག་དབང་ལགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་སྐུ་ཚབ་ཞུས་ཏེ་ཚོགས་འདུར་གསུང་བཤད་གནང་དོན། དེང་སྐབས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་བཞིན་པ་མ་ཟད། བོད་མི་རིགས་ཀྱི་ཐུན་མིན་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་ཡོད་ཅེས་གསུངས། དེ་བཞིན་ཉིན་རྒྱབ་སྐུ་ཞབས་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ལྷན་ཚོགས་སུ་གསུང་དོན། དེང་སྐབས་བོད་ཀྱི་དགོན་སྡེ་དང་བཙུན་དགོན་ཁག་གི་ནང་རྒྱ་མིའི་ཉེན་རྟོག་མི་སྣ་གཏན་འཇགས་གནས་སྡོད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་བཙན་ཐབས་ཀྱིས་སྤེལ་བཞིན་ཡོད། ལས་འགུལ་དེའི་ཆ་ཤས་སུ་བོད་མི་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ་དང། དེ་ལྟར་མ་བྱས་ཚེ་འཛིན་བཟུང་བྱས་པ་དང་དགོན་པ་ནས་ཕྱིར་འབུད་སོགས་བྱེད་བཞིན་ཡོད། ཅེས་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ནང་ཁམས་ནག་ཆུ་འབྲི་རུ་རྫོང་དུ་དགོན་པ་ཁྱོན་ ༢༢ ཡོད་ཁོངས་ནས་དགོན་པ་ ༢༠ ཙམ་ནས་༸གོངས་མཆོག་ལ་མཚན་སྨད་མ་ཞུས་པར་བརྟེན། དགོན་པ་དེ་དག་བཙན་དབང་འོག་སྒོ་རྒྱག་བཅུག་ཡོད་སྐོར་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་བཅས།།