ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་དང་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ལྷག་པའི་ཕྱེད་ཡོལ་ཆུ་ཚོད་ ༣ ཙམ་ལ་བཀའ་ཤག་གི་མཇལ་འཕྲད་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ནས་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད།
ཐེངས་འདིའི་གསར་འགོད་ལྷན་ཚོགས་གནང་དོན་ནི་པེ་ཅིང་དུ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ལས་ཁང་གིས་གོ་སྒྲིག་ཞུས་པའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའ་ཝེ་ཆོན་གྱིས་སྤེལ་བའི་གསལ་བསྒྲགས་ནང་ལོ་རབས་ ༧༠ དུས་མཇུག་ཏུ་ཏེང་ཞའོ་ཕིང་གིས་ ” བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ ” ཅེས་གསུངས་ཡོད་པ་དེ་བདེན་པ་མ་རེད་ཅེས་བརྗོད་ནས་ “བློ་མཐུན་ཏེང་ཞའོ་ཕིང་གིས་བཀའ་མོལ་དེ་འདྲ་གསུང་མྱོང་མེད། རྒྱ་རིས་རྫུན་བཤད་པ་དེ་བློ་མཐུན་ཏེང་ཞའོ་ཕིང་གི་བཀའ་མོལ་ལ་འཁྱོག་བཤད་ཧ་ཅང་ཆེན་པོ་བྱས་པ་ཞིག་ཡིན།” ཞེས་ཧམ་བརྗོད་བྱས་ཡོད་པར་ལན་འདེབས་ཆེད་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད།
དེ་ཡང་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་ནས་གསར་འགོད་གསལ་བསྒྲགས་ནང་འཁོད་དོན། པེ་ཅིང་དུ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ལས་ཁང་གིས་གོ་སྒྲིག་ཞུས་པའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་སྤེལ་བའི་གསལ་བསྒྲགས་རྣམས་བཀླགས་པ་ཡིན།
ཉི་ཧོང་གི་གསར་འགོད་པས་ལོ་རབས་ ༧༠ དུས་མཇུག་ཏུ་ཏེང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་གསུངས་ཡོད་ཚུལ་བོད་པའི་ཕྱོགས་ནས་ཡང་ཡང་ཤོད་བཞིན་པ་ལྟར་བཤད་ཡོད་རེད་དམ་ཞེས་དྲིས་པར། ཀྲུའུ་ཝེ་ཆོན་གྱིས་དེ་བདེན་པ་མ་རེད་ཅེས་བཤད་འདུག “བློ་མཐུན་ཏེང་ཞའོ་ཕིང་གིས་བཀའ་མོལ་དེ་འདྲ་གསུང་མྱོང་མེད། རྒྱ་རིས་རྫུན་བཤད་པ་དེ་བློ་མཐུན་ཏེང་ཞའོ་ཕིང་གི་བཀའ་མོལ་ལ་འཁྱོག་བཤད་ཧ་ཅང་ཆེན་པོ་བྱས་པ་ཞིག་ཡིན།” ཞེས་བཤད་འདུག
རྒྱ་ནག་གི་འགོ་ཁྲིད་ཚོའི་གསལ་བསྒྲགས་དེ་དག་ཐོས་སྐབས་ང་ཧང་སངས་བྱུང་། གང་ཡིན་ཟེར་ན་དབུ་ཁྲིད་འདས་པོ་ཏེང་ཞའོ་ཕིང་གིས་ “བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་བྱེད་ཆོག” ཅེས་ང་ལ་དངོས་སུ་བཤད་ཡོད།
ཏེང་ཞའོ་ཕིང་ད་རིང་སྐུ་འཚོ་བཞུགས་མེད་ཀྱང་། ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་ཆེད་རྒྱལ་སྤྱིའི་གསར་འགོད་པའི་མདུན་གསལ་བཤད་ཞུ་རྒྱུར། ཕྱི་ལོ་ ༡༩༧༩ ལོར་ང་རྒྱ་ནག་ཏུ་ཐོག་མ་འགྲོ་སྐབས་ཟླ་ ༣ ཚེས་ ༡༢ ཉིན་དབུ་ཁྲིད་ཏེང་ཞའོ་ཕིང་དང་མཇལ་འཕྲད་ཞུས་པ་ཡིན། དེ་སྐབས་ཁོང་གིས་ “བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་བྱེད་ཆོག” ཅེས་གསུངས་བྱུང་། ཞེས་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད།
བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་གསར་འགོད་གསལ་བསྒྲགས་ནང་འཁོད་དོན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཉེ་སྔོན་ཏེང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཚུལ་གསུངས་ཡོད་མ་རེད་ཅེས་བཤད་འདུག་པར་ང་རང་ཧང་སངས་བྱུང་།
ཕྱི་ལོ་ ༡༩༨༢ ལོར་ངོས་རང་གྲོས་མོལ་རྟོག་ཞིབ་ཚོགས་པ་ཐེངས་དང་པོའི་ཚོགས་མི་ཡིན་པའི་ཆ་ནས་པེ་ཅིང་དུ་འགྲོ་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོར་དེའི་སྐོར་དངོས་སུ་སྐད་ཆ་དྲིས་ནས་ར་སྤྲོད་བྱས་པ་ཡིན།
གྲོས་མོལ་རྟོག་ཞིབ་ཚོགས་པ་ཐེངས་དང་པོའི་ཚོགས་མི་ཡིན་པའི་ཆ་ནས་ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༢༩ ཉིན་ང་ཚོས་སྐབས་དེའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་དང་མི་རིགས་ལས་དོན་ལྷན་ཁང་གི་གཙོ་འཛིན་གཅིག་ལྕོགས་ཡིན་པ་སྲིད་བློན་གཞོན་པ་དབྱང་ཅི་རེང་སོགས་དང་ཐུག་འཕྲད་བྱས་པ་ཡིན། དེ་སྐབས་ངས་དབྱང་ཅི་རེང་ལ་ཏེང་ཞའོ་ཕིང་གིས་དེ་ལྟར་གསུངས་མིན་ར་སྤྲོད་བྱས་པར་ཁོང་གིས་དེ་ལྟར་གསུངས་ཡོད་མ་རེད་ཅེས་གསུངས་མ་བྱུང་། ཞེས་གསར་འགོད་གསལ་བསྒྲགས་གནང་ཡོད་པའི་གནས་ཚུལ་དུ།།