༢༠༡༢ ཟླ་ ༦ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡ ཉིན་ནས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་བཞིར་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག དེ་ཡང་ཕྱི་ཟླ་ ༧ ཚེས་ ༡ ཉིན་བཀའ་བློན་མཆོག་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢ ཉིན་ལྡི་ལིར་འབྲེལ་ཡོད་མི་སྣ་ཁག་གཅིག་ཐུག་འཕྲད་གནང་རྒྱུ་དང། ཕྱི་ཚེས་ ༣ ཉིན་ལྡི་ལི་ནས་ཕ་རན་སིའི་རྒྱལ་ས་པེ་རི་སི་དུ་ཕེབས་འབྱོར་གནང་སྟེ་ཁུལ་དེར་ཕྱི་ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་མ་ཟད། ཕ་རན་སིར་གནས་སྡོད་བོད་རིགས་རྣམས་དང་ཐུག་འཕྲད་ཀྱི་གསུང་བཤད་གནང་རྒྱུ་དང་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༥ ཉིན་ཕ་རན་སི་ནས་ཧོ་ལེན་ཌིའི་རྒྱལ་ས་ཨེམ་ས་ཊར་ཌམ་དུ་ (Amsterdam) ཕེབས་ཏེ་ཕྱི་ཚེས་ ༦ ཉིན་ཁུལ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་མ་ཟད། ས་གནས་བོད་རིགས་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྗེས་ཧོ་ལེན་ཌེའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག དེ་བཞིན་ཕྱི་ཚེས་ ༧ ཉིན་ཧོ་ལེན་ཌི་ནས་བྷེལ་ཇམ་གྱི་གྲོང་ཁྱེར་ཨེཎཌ་ཝར་པན་(Antwerpen, Belgium) དུ་ཕེབས་འབྱོར་གྱི་ས་གནས་སུ་བོད་རིགས་རྣམས་དང་ལྷན་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། ཕྱི་ཚེས་ ༨ ཉིན་རྒྱལ་ས་སྦར་སིལ་(Brussels) དུ་ཕེབས་འབྱོར་གྱིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། སགནས་བོད་རིགས་རྣམས་དང་ཐུག་འཕྲད་གནང་རྒྱུ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
དེ་བཞིན་ཕྱི་ཚེས་ ༡༢ ནས་ཚེས་ ༡༤ བར་སི་པེན་ (Spain) གྱི་རྒྱལ་ས་སྦར་སི་ལོ་ནར་ (Barcelona) ཕེབས་འབྱོར་གྱི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། བོད་རིགས་མི་མང་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག
གཞན་ཡང་བདེ་སྲུང་བཀའ་བློན་མཆོག་གིས་ཕྱི་ཚེས་ ༡༥ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སི་ཁུལ་དུ་སླར་ཡང་ཕེབས་ཏེ་ཁུལ་དེའི་བོད་རིགས་མི་མང་དང་ལྷན་ཚོགས་གནང་རྗེས་ཕྱི་ཚེས་ ༡༦ ཉིན་པེ་རི་སི་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༧ ཉིན་ལྡི་ལི་ནས་སྤ་ཀོར་བརྒྱུད་མེ་འཁོར་ཐོག་ཚེས་ ༡༨ ཉིན་རྡ་སར་འབྱོར་རྒྱུ་ཡིན་འདུག་པ་བཅས།།
བདེ་སྲུང་བཀའ་བློན་མཆོག་གཞུང་འབྲེལ་ཕྱོགས་ཕེབས།
གསར་གནས།
འབྲེལ་གནས།