༢༠༡༢ ཟླ་ ༦ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༢ ཉིན་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་རྒྱལ་ས་པེ་རི་སི་ཁུལ་དུ་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་གཉིས་ཀྱིས་གོ་སྒྲིག་འོག་ཁུལ་དེར་བོད་པའི་སློབ་ཕྲུག་ཐོག་མར་འབྱོར་ཏེ་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་གྲོས་ཚོགས་གོང་མའི་རྭ་བའི་ནང་ (Senate`s Salon de la Questure) སྲུང་བརྩི་ཞུས་ཡོད། སྐབས་དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇིན་ཕེ་རན་ཀོ་ཡེ་སི་ཧུམ་བྷ་ཊི་ Jean Francois Humbert མཆོག་དང་། དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨེན་ཌི་རི་གྷ་ཊོ་ལིན་ (Andre Gattolin) མཆོག་ལྷན་ཞུགས་གནང་ཡོད། ཕྱོགས་མཚུངས་ཕ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་ཇིན་མེ་ཀལ་བྷི་ལོར་གེ་མཆོག་ཀྱང་ཕེབས་ཡོད། ཁོང་ནི་ཕ་རན་སིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྱི་མི་སྣ་གཙོ་གྲས་ཤིག་ཆགས་ཡོད།
དེ་ཡང་མཛད་སྒོའི་སྐབས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་དུས་དྲན་ངོ་སྤྲོད་དང་སྦྲགས་སྐུ་མགྲོན་དང་མང་ཚོགས་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་བ་མ་ཟད། ཕྱི་ལོ་ ༡༩༦༢ ལོར་ཕ་རན་སི་གཞུང་གིས་མཐུན་འགྱུར་འོག་བོད་པའི་སློབ་མ་དྲུག་ཐོག་མར་ཁུལ་དེར་སློབ་སྦྱོང་ཆེད་འབྱོར་བ་རྣམས་ཀྱང་ཕེབས་ཡོད། དུས་དྲན་གྱི་མཛད་སྒོ་དེ་བརྒྱུད་ཕ་རན་སི་གཞུང་མང་གཉིས་ནས་ད་བར་བོད་མི་ཚོར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་ཡོད། ཐེངས་འདིའི་མཛད་སྒོའི་སྐབས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བརྙན་འཕྲིན་བརྒྱུད་འཚམས་འདྲི་གནང་བ་ཞིག་ཀྱང་བསྟན་ཡོད། བརྙན་འཕྲིན་དེའི་ནང་བཀའ་ཁྲི་མཆོག་གིས་ཕ་རན་སིའི་སྲིད་འཛིན་གསར་པ་མཆོག་དང་ཁོང་གི་ཆབ་སྲིད་ཚོགས་པར་ཉེ་ལམ་ཕ་རན་སིའི་འོས་ཤོག་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་སྦྲགས། སླད་ཀྱང་བོད་དོན་ཆེད་ཕ་རན་སི་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་པ་མ་ཟད། ད་ལྟ་བོད་ནང་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་སྟབས་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར་བོད་མི་ཚོར་རོགས་རམ་སྔར་རྒྱུན་བཞིན་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།
སྐབས་དེར་ཕ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ཀྱང་བོད་ཀྱི་བདེན་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་མ་ཟད། དུས་སྐབས་ནམ་བྱུང་སྐབས་བོད་དོན་གླེང་རྒྱུ་ཡིན་སྐོར་གྱི་གསུང་བཤད་གནང་ཡོད་པ་བཅས།།
ཕ་རན་སིར་བོད་མི་ཐོག་མར་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།