༢༠༡༢ ཟླ་ ༦ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༥ ཉིན་བཏང་གནས་ནང་འཁོད་དོན། ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རིམ་བྱུང་ནས། སྤྱི་པའི་རིག་གཞུང་ཚོགས་ཁང་ཞིག་ཉོ་ཐབས་གནང་རྒྱུར་འབད་བརྩོན་རིམ་གནང་གིས་འབྲས་བུར། ད་ཆ་ནིའུ་ཡོཀ་གི་བོད་མི་འདུས་སྡོད་མང་ཤོས་ཡིན་པའི་ས་ཁུལ་དུ་ཨ་སྒོར་ས་ཡ་ ༥ ལྷག་གི་སྤྱི་ཁང་ཞིག་ཉོ་རྒྱུའི་གན་རྒྱ་བཞག་འདུག
དེ་ཡང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་ཨ་རིའི་ནང་གི་བོད་མི་མང་ཤོས་ཡིན་པའི་ནིའུ་ཡོཀ་དང༌། ནིའུ་འཇར་སི་ཁུལ་དུ་སྤྱི་ཁང་ཞིག་ཉོ་ཐུབ་པ་བྱུང་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུར་ཕུགས་ནས་ཧ་ཅང་གི་གལ་ཆེ་ཆགས་ཡོད་པར་ངོས་འཛིན་གྱིས་སྐུ་ཚབ་དོན་གཅོད་ཁང་ནས་དཔལ་འབྱོར་འདུ་འགོད་སོགས་གང་ཅིར་རྒྱབ་སྐྱོར་གནང་ཡོད་པ་ལྟར། ཉེ་ཆར་རེས་གཟའ་ཕུར་བུའི་ཉིན་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་རྒྱལ་གྲོགས་པོ་དང༌། ཝི་ཏི་ནམ། ཉི་ཧོང༌། རྒྱ་རིགས་བཅས་གྲོགས་པོ་ཁག་གཅིག་གདན་ཞུས་སྣེ་ལེན་གནང་བར། གོང་ཞུས་གྲོགས་པོ་རྣམས་ཀྱིས་སྤྱི་པའི་རིག་གཞུང་ཚོགས་ཁང་གི་གལ་ཆེའི་རང་བཞིན་ངོས་འཛིན་གནང་སྟེ་རྒྱབ་སྐྱོར་ཆེད་ཨ་སྒོར་ཁྲི་བཞི་ལྷག་ཙམ་ཞལ་འདེབས་གནང་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས། འཛམ་གླིང་གི་གཅེས་ནོར་ལྟ་བུ་ཡིན་པའི་བོད་ཀྱི་ཐུང་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང་སྲུང་སྐྱོབ་ཆེད་ཁོང་རྣམ་པས་རྒྱབ་སྐྱོར་གནང་བར་ལེགས་སོའི་བསྔགས་བརྗོད་དང་འབྲེལ། བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་མདོར་བསྡུས་ཤིག་གནང་མཚམས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་འཇིགས་མེད་སྒོ་རབ་ལགས་ཀྱིས་བརྙན་འཕྲིན་དཔར་གཞིའི་ལམ་ནས་ཉོ་གཏན་འཁེལ་ཟིན་པའི་སྤྱི་ཁང་གི་ཆགས་བབས་གནས་སྟངས་དང༌། དགོས་པ། དམིགས་ཡུལ། མ་འོངས་པར་བེད་སྤྱོད་གཏོང་ཕྱོགས་གང་འདྲ་ཡིན་མིན་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
ཐེངས་འདིའི་སྣེ་ལེན་འདུ་འཛོམས་ལ་སྤུས་ཚད་ལྡན་པའི་བཞེས་ལག་གི་མཐུན་འགྱུར་གནང་མཁན་གྲོང་ཁྱེར་ནིའུ་ཡོཀ་ནང་སྐད་གྲགས་ཡོད་པའི་མ་བྱན་སྐུ་ཞབས་ཨི་རིག་ལགས་དང༌། འདུ་འཛོམས་ཀྱི་ས་ཆའི་མཐུན་རྐྱེན་གནང་མཁན་བོད་ཀྱི་རིག་གཞུང་ལ་དགའ་ཞེན་ཆེ་བའི་རྨོ་བོ་ཨ་ལེག་སི་ཁཱན་ཌར་རྣམ་གཉིས་ལ་སྐུ་ཚབ་དོན་གཅོད་དང༌། ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཉིས་ནས་དཀར་གཙང་གི་མཇལ་དར་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་ཐོན་གསར་ཤོས་རེ་གནང་སྟེ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །
ཕྱི་རྒྱལ་བ་དང་རྒྱ་རིགས་གྲོགས་པོ་ཚོས་སྤྱི་པའི་རིག་གཞུང་ཚོགས་ཁང་ཆེད་ཨ་སྒོར་ཁྲི་བཞི་ལྷག་ཞལ་འདེབས་གནང་བ།
གསར་གནས།
འབྲེལ་གནས།