༢༠༡༠ ཟླ་ ༧ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༩ ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་པོ་ཕུ་བུ་ཚེ་རིང་ལགས་ནད་མནར་གྱིས་རྐྱེན་པས་བོད་གཞུང་བདེ་ལེགས་སྨན་ཁང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། ཕྱི་ཚེས་ ༣༠ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ལས་བྱེད་གསོལ་ཐབ་ཡང་སྟེང་གི་ཚོགས་ཁང་དུ་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྣམ་པ། དྲུང་ཆེ་ཆུང་གི་དབུས་ལས་བྱེད་རྣམས་ཚང་འཛོམས་ཀྱིས་ཐོག་མར་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་སྒྲོགས་སྦྱང་གནང་རྗེས་སྲི་ཞུ་བ་རྣམས་ཀྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་ཆུ་ཚོད་གཅིག་རིང་སྨོན་ལམ་གསུང་འདོན་གནང་གྲུབ་བསྟུན་དབུས་ལས་ཁུངས་ཁག་སྒོ་བརྒྱབ་པ་བཅས།
དེ་ཡང་དམ་པ་ཁོང་ནི་བོད་གཙང་སྟོད་གཅེན་ལུང་དུ་ཕ་དབུ་རྒྱན་རང་གྲོལ་དང་། མ་འཛོམས་པ་གཉིས་ཀྱི་ཕྲུ་གུར་ཕྱི་ལོ་ ༡༩༥༢ ལོར་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྗོགས་རྒྱ་གཞུང་གིས་བཙན་བཟུང་བྱས་རྐྱེན་ཁོང་ཡང་རིང་པོར་མ་སོང་བར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ནས་ཐོག་མར་རྡོར་གླིང་བོད་གཞུང་གཏན་སློབ་ཐོན་པ་དང་། དེ་རྗེས་ལྡི་ལིར་ལོ་གཅིག་ལྷག་ལས་བྱེད་སློབ་སྦྱོང་གནང་འདུག ཕྱི་ལོ་ ༡༩༧༣ ལོར་གཞུང་ཞབས་ནང་འཛུལ་ཞུགས་གནང་སྟེ་ཐོག་མར་གཞོན་དྲུང་ཚོད་ལྟའི་ཐོག་བལ་ཡུལ་ཁུམ་ཤིའི་རྩིས་དྲུང་དང་། ཕྱི་ལོ་ ༡༩༧༨ ལོར་ལུགས་བསམ་མཉམ་སྦྲེལ་གྱི་གཞོན་དྲུང་དང་། ཕྱི་ལོ་ ༡༩༨༡ ལོར་ལྡི་ལི་བོད་གནས་བསྐྱར་ཞིབ།
ཕྱི་ལོ་ ༡༩༨༥ ལོར་རྟེན་བཞེངས་བཟོ་འགོའི་ལས་ཚབ་དང་བདེ་སྲུང་རྩིས་པ། ཕྱི་ལོ་ ༡༩༨༧ ལོར་གནས་བརྒྱད་པར་གནས་སྤར་གྱིས་མོན་གྷོ་རུམ་བཟོའི་འགན་འཛིན་དང་། ཕྱི་ལོ་ ༡༩༩༡ ལོར་བདེ་སླར་བཟོ་འགོ ཕྱི་ལོ་ ༡༩༩༢ ལོར་དྲུང་གཞོན་ལས་རོགས་ཐོག་བདེ་སྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༡༩༩༣ ལོར་དྲུང་གཞོན་དུ་གནས་སྤར་དང་། ཕྱི་ལོ་ ༡༩༩༩ ལོར་ཟུང་འབྲེལ་དྲུང་ཆེར་གནས་སྤར་གྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ལས་འགན་ཐོག་གནས་སྤོས། ཕྱི་ལོ་ ༢༠༠༡ ལོར་དབུས་འོས་བསྡུ་ལས་ཁང་གི་ཟུང་དྲུང་དང་། ཕྱི་ལོ་ ༢༠༠༧ ལོར་དྲུང་འཕར་དུ་གནས་སྤར། ཕྱི་ལོ་ ༢༠༠༨ ལོར་ཚོགས་དྲུང་ལས་ཁུངས་སུ་གནས་སྤོས་ཀྱི་ཚོགས་དྲུང་ལས་ཚབ་ཏུ་བསྐོ་གཞག་དང་། ཕྱི་ལོ་ ༢༠༡༠ ལོར་དྲུང་ཡིག་ཆེན་མོར་གནས་སྤར་གྱི་ཚོགས་དྲུང་གི་ལས་འགན་བཞེས་མུས་ཐོག་ལོ་ངོ་ ༣༧ རིང་རང་གཞུང་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུའི་ཞབས་འདེགས་ཞུས་ཡོད། འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་སྙུན་གཞིའི་ནད་མནར་གྱིས་རྐྱེན་པས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༩ ཉིན་རྒྱབ་བོད་གཞུང་བདེ་ལེགས་སྨན་ཁང་དུ་དགོངས་པ་རྫོགས་འདུག་པ་བཅས།