༢༠༡༢ ཟླ་ ༦ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་གྲོགས་པོ་ཚོའི་སྡོད་ཁང་ (Friends House) ཞེས་པའི་ནང་བོད་མི་གྲངས་ ༦༠༠ རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་ས་གནས་གང་དུ་གནས་སྡོད་བྱས་རུང་མི་དྲང་པོ་ཞིག་བྱེད་དགོས།
བོད་མི་ཚོར་ཕ་མེས་ནས་གོམས་གཤིས་བཟང་པོ་ཞིག་ཡོད་པ་དེ་ང་ཚོས་སྤོབས་པའི་ཐོག་ནས་བདག་པོ་རྒྱག་དགོས། དེ་བཞིན་བོད་ཀྱི་སྐད་ཡིག་ལ་ཆ་མཚོན་ན།
དེང་སྐབས་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་ལ་རྩིས་མཐོང་ཆེན་པོ་བྱེད་བཞིན་ཡོད། གཙོ་བོ་ལེགས་སྦྱར་སྐད་ཡིག་ཐོག་ཡོད་པའི་སངས་རྒྱས་ཀྱི་བཀའ་དང་དེའི་འབྲེལ་བ་པཎ་གྲུབ་བཅུ་བདུན་ལ་སོགས་རྒྱ་གར་གྱི་མཁས་པས་མཛད་པའི་བཀའ་བསྟན་འགྱུར་དེ་དག་ཚང་ལ་མ་ནོར་བ་བོད་སྐད་ཐོག་བསྒྱུར་ཏེ་ང་ཚོས་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ནས་བདག་པོ་བརྒྱབ་ཡོད།
ནང་ཆོས་ལ་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱེད་དགོས་ན་བོད་ཀྱི་སྐད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་ཞིག་ནས་བྱེད་རྒྱུ་ཧ་ལམ་ཁག་པོ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་དགོས་ན་བོད་སྐད་དེ་ཕྱུག་ཤོས་ཆགས་ཡོད།
ནང་ཆོས་ནས་གསུངས་པའི་སེམས་ཀྱི་རྣམ་གཞག་སྐོར་དེ་དག་ལ་དེང་སྐབས་ཚན་རིག་པ་ཚོས་ཚད་མཐོན་པོར་ངོས་འཛིན་གྱིས་བསྔགས་བརྗོད་བྱེད་བཞིན་ཡོད། ང་ཚོས་ཁ་ནས་ང་ནང་པ་ཡིན་ཞེས་བཤད་པ་ཙམ་མིན་པར་ངོ་ཐོག་ཉིན་རེའི་འཚོ་བའི་ཁྲོད་མི་བཟང་པོ་ཞིག་ཡོང་ཐབས་བྱེད་དགོས། གོ་སྐབས་ནམ་བྱུང་ལ་ནང་ཆོས་ལ་དོ་སྣང་བྱོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད།
མགོན་པོ་གང་ཉིད་མཆོག་གིས་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་སྐུ་དབང་ནས་རྒན་ཡོལ་ཆ་ཚང་ཞུས་གནང་མཛད་པ་དེ་བོད་མིའི་མང་གཙོའི་སྒྲིག་འཛུགས་སྲ་བརྟན་ཡོང་རྒྱུར་དགོངས་བཞེས་མཛད་པ་ཞིག་ཡིན་སྐོར་བཀའ་སློབ་སྩལ། དེ་བཞིན་བོད་མི་ཚོས་རང་གི་ཕྲུ་གུ་ཚོར་བོད་སྐད་སློབ་རྒྱུ་ཙམ་མ་ཟད།
རང་ཉིད་ཀྱིས་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་སྐོར་སོགས་ཀྱི་བཀའ་སློབ་སྩལ་རྗེས། དབྱིན་ཇིའི་དམག་མིའི་གྲོང་ཚོ་ཨལ་ཌར་ཤོ་ཊ་ Aldershot ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་རྩེད་ཐང་ཆེན་མོར་བལ་པོ་དང་སོག་རིགས་རྣམས་ལ་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཚོ། ངོས་རང་འདིར་ཡོང་སྟེ་ཁྱེད་ཚོ་དང་ལྷན་ཁྱུག་ཙམ་ཞིག་མཉམ་འཛོམས་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ལྷག་པར་གྲོང་ཁྱེར་རུ་ཤི་མུར་གྱི་སྤྱི་ཁྱབ་པ་མཆོག་ཀྱང་འདིར་ཕེབས་ཡོད། ཁྱེད་ཚོས་ཁུལ་འདིར་རང་གི་ཆོས་དང་ངོ་བོ་རྒྱུན་འཛིན་བྱེད་ཐུབ་པ་ནི་ཧ་ཅང་ཡག་པོ་རེད། གོམས་སྲོལ་དེ་དག་བོད་བརྒྱུད་ནང་བསྟན་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད། འདིར་ཁྱེད་ཚོའི་གྱོན་ཆས་དང་ཕེབས་བསུ་ཞུ་སྟངས། དེ་བཞིན་སྣུམ་སྲེག་གི་ཞལ་ཏོག་གི་བྲོ་བ་སོགས་ཧ་ལམ་གཅིག་པ་ཡིན་པ་མ་ཟད། བྲོ་བ་ཧ་ཅང་ཆེན་པོ་འདུག་ཅེས་ཞལ་ཤོབ་མཛད། ང་ཚོས་ནང་པའི་ཆོས་དང་ནང་པའི་རིག་གཞུང་གཉིས་དབྱེ་བ་འབྱེད་དགོས། ནང་པའི་རིག་གཞུང་བརྗོད་སྐབས་བྱམས་བརྩེ་དང་འཚེ་བ་མེད་པར་གཞི་བཅོལ་ཡོད། དེ་ནི་མི་སྒེར་དང་ཁྱིམ་ཚང། ཚོགས་པ་བཅས་ཚང་མར་ཕན་ཐོགས་ཆེན་པོ་ཡོད། ནང་ཆོས་བརྗོད་དུས་དེང་སྐབས་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཞིག་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་པོས་ཁྱབ་ཡོད་པར་བརྟེན། སེམས་ཅན་ཐམས་ཅད་སངས་རྒྱས་རུང་ཡིན་པ་བཀའ་གནང་ཡོད། སངས་རྒྱས་མ་རྒྱས་ནི་མི་སོ་སོའི་རྩོལ་བ་བྱེད་མིན་ལ་རག་ལུས་ཡོད། ནང་ཆོས་ཀྱི་སྙིང་པོ་མདོར་བསྡུས་ན། བྱུང་ན་གང་ཐུབ་ཀྱིས་གཞན་ལ་ཕན་པ་བསྒྲུབ་རྒྱུ་དང་། གལ་ཏེ་དེ་ལྟར་མ་བྱུང་ནའང་གཞན་ལ་གནོད་པ་མ་བསྐྱལ་རྒྱུ་དེ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། སྟོན་པ་དང་སྤྱན་རས་གཟིགས། གུ་རུ་རིན་པོ་ཆེ་བཅས་ཀྱི་གཟུངས་སྔགས་ཀྱི་བཀའ་ལུང་སྩལ། དེ་རྗེས་༸གོང་ས་མཆོག་སི་ཀོ་ཌ་ལན་ཌིའི་རྒྱལ་ས་ཨི་ཌིན་བྷ་རག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་མཚམས། ཨི་ཌིན་བྷ་རག་གི་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས། ཕྱི་ཚེས་ ༢༢ ཉིན་༸གོང་ས་མཆོག་གིས་སི་ཀོ་ཌ་ལན་ཌིའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།།
.