ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །རྩིས་ཞིབ་ལས་ཁང་གི་སྒྲིག་གཞིའི་ནང་རྩིས་ཞིབ་ལས་བྱེད་པའི་རྩ་འབོར་གྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བར་རྩིས་ཞིབ་ཆེད་སྦྱོང་བརྡར་ཐོན་པ་ཞིག་དགོས་ཞེས་གསལ་བ་ལྟར། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡ ནས་ ༢༠༠༩ ཟླ་ ༡ ཚེས་ ༣༡ བར་ཟླ་གསུམ་རིང་རྩིས་ཞིབ་ལས་ཁང་གི་གཞུང་བསྐོས་ལས་བྱེད་ཁོངས་དེ་སྔ་རྩིས་དང་རྩིས་ཞིབ་སྦྱོང་བརྡར་གྱི་གོ་སྐབས་མ་ཐོབ་པའི་ལས་བྱེད་མི་གྲངས་ ༢༦ ལ་ཧི་མ་ཅལ་མངའ་གཞུང་གི་རྩིས་ཞིབ་སྤྱི་ཁྱབ་ལས་ཁང་གི་གཟིགས་སྐྱོང་དང་མཐུན་འགྱུར་འོག་སྦྱོང་བརྡར་གྱི་གོ་སྐབས་སྤྲོད་མུས་ཡིན་པ་དང་།
སྦྱོང་བརྡར་གྱི་སློབ་ཁྲིད་གནང་མཁན་རྒྱ་གར་གཞུང་གི་རྩིས་དང་རྩིས་ཞིབ་ཀྱི་ (Indian Accounts and Audit Service) ལས་ཟུར་ཁོངས་ནས་ཡིན་པ་དང་། ༢༠༠༩།༡།༡༡ བར་སྔ་དྲོའི་རིང་འཛིན་གྲྭའི་ནང་སློབ་ཁྲིད་གནང་མུས་དང་། ཉིན་རྒྱབ་འབྲེལ་ཡོད་ལས་ཁུངས་ཁག་ལ་དངོས་ཡོད་ལས་དོན་བྱ་ཕྱོགས། རྩིས་དེབ་ཡིག་ཆ་འདྲ་མིན་ཁག་ཇི་ལྟར་ཉར་འཇོག་སོགས་ཉམས་གསོག་དང་ངོ་སྤྲོད་ཀྱང་བྱེད་རྒྱུ་ཡིན་འདུག
ད་རེས་ཟླ་གསུམ་སྦྱོང་བརྡར་གྱི་སློབ་ཚན་ཐད་ཧི་མ་ཅལ་མངའ་གཞུང་གི་རྩིས་ཞིབ་སྤྱི་ཁྱབ་ལས་ཁང་དང་འདི་ལས་དབར་གོ་བསྡུར་བྱས་ཏེ་རྒྱ་གར་གཞུང་གི་རྩིས་ཞིབ་གནང་ཕྱོགས་དང་། ཡོང་འབབ་དང་། ཚོང་ཁྲལ་ཁྲིམས་སྐོར། ཁྱད་པར་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་ཁག་དང་རང་སྐྱོང་སྡེ་ཚན་འདྲ་མིན་ཁག་བཅས་ཀྱི་རྩིས་ཞིབ་གནང་ཕྱོགས་སྐོར་གཞི་རྩར་བཞག་སྟེ་སློབ་ཁྲིད་བྱེད་རྒྱུ་ཐག་གཅོད་བྱུང་ཡོད་པ་མ་ཟད། སྦྱོང་བརྡར་བ་ཚོའི་བོད་ཡིག་ཤེས་ཚད་ཡར་རྒྱས་གཏོང་སླད་ཟླ་བ་གཉིས་ཀྱི་དུས་ཚོད་རྒྱས་བཅད་གནང་སྟེ་བདུན་ཕྲག་གཅིག་ནང་ཉིན་བཞིའི་རིང་ཕྱི་དྲོའི་ཆུ་ཚོད་ ༡ བོད་ཡིག་ཐོག་སློབ་ཁྲིད་བྱེད་རྒྱུ་ཡང་ཐག་གཅོད་བྱུང་བ་བཅས་ཀྱི་གནས་བསྡུས་སུ།།