༢༠༡༢ ཟླ་ ༦ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཡོ་སོར་(Yeosu)རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་(World Fellowship of Buddhists conference)ཞེས་པར་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མི་རྒྱ་མིའི་དགེ་འདུན་པ་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༡༧ ཚོགས་བཅར་དུ་སླེབས་པ་ཚང་མས་ཕྱི་ཚེས་ ༡༣ ཉིན་གློ་བུར་དུ་ལྷན་ཚོགས་ནས་ཕྱིར་འཐེན་བྱས་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཚེས་ ༡༤ ཉིན་གནད་དོན་དེའི་ཐོག་ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། རྒྱ་ནག་གཞུང་ནས་མངགས་གཏོང་བྱས་པའི་སྐུ་ཚབ་ཚོས་འཛམ་གླིང་ནང་པའི་ཚོགས་ཆེན་དུ་ཕེབས་པའི་བོད་མིའི་སྐུ་ཚབ་རྣམས་ངོས་ལེན་མེད་ཚུལ་བརྗོད་དེ་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེ་ནི་བློ་ཕམ་དགོས་པ་ཞིག་ཡིན། འཛམ་གླིང་ནང་པའི་ལྷན་ཚོགས་འདི་ནི་ཆོས་ཕྱོགས་ཁོ་ནར་ངོས་འཛིན་བྱེད་དགོས་པ་ལས་ཆབ་སྲིད་ཀྱི་དགོས་མཁོར་ངོས་འཛིན་བྱས་ཚེ་རྩ་བ་ན་འགྲིག་གི་མེད། དེར་བརྟེན་རྒྱ་ནག་གཞུང་གི་སྐུ་ཚབ་ཚོས་བྱེད་སྟངས་དེ་དག་ཐད་དགོངས་སེལ་ཞུས་དགོས་པ་མ་ཟད། མ་འོངས་པར་གནས་ཚུལ་དེ་རིགས་མི་ཡོང་བའི་ཁས་ལེན་ཡང་བྱེད་དགོས། དེ་བཞིན་ང་ཚོའི་ཆོས་ཚོགས་ངོས་ནས་བོད་མི་ཚོས་ཆོས་ཕྱོགས་ཀྱི་ལས་དོན་གང་ཞིག་སྤེལ་ཡང་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་བཅས། །
ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ཀྱིས་རྒྱ་གཞུང་གི་སྐུ་ཚབ་ནས་དགོངས་སེལ་ཞུ་དགོས་སྐོར་བརྗོད་འདུག
གསར་གནས།
འབྲེལ་གནས།