༢༠༡༢ ཟླ་ ༦ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གོ་སྒྲིག་ཐོག་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་དང་འབྲེལ་མཐུད་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༨ དབུ་འབྱེད་མཛད་སྒོ་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་དབུ་འཛུགས་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་ས་གནས་འགོ་འཛིན་རྣམ་པ་དང་འབྲེལ་མཐུད་རྣམ་པས་དབུས་ལྷན་ཁང་གི་དྲུང་ཆེ་རྣམ་པ་སོགས་ཁྱོན་མི་གྲངས་ ༧༠ བརྒལ་བ་ལྷན་འཛོམས་ཀྱིས་བཞུགས་གྲལ་དུ་འཁོད་མཚམས་ཐོག་མར་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས་པ་དང་ཆབས་ཅིག་ཚོགས་འདུ་འབྱེད་ཀྱི་སྣང་གསལ་ཞལ་ཕྱེ་གནང། དེ་རྗེས་སྐུ་མགྲོན་རྣམ་པས་གཙོས་ཚོགས་བཅར་བ་རྣམ་པ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས་རྒྱ་གཞུང་གིས་གདུག་རྩུབ་བཙན་གནོན་འོག་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་ཕོ་མོ་འདས་གསོན་སྤྱི་དང་ཡང་སྒོས་བཙོན་ཁང་ནང་དཀའ་སྡུག་མྱངས་དང་མྱོང་མུས་ཡིན་པའི་རྒྱལ་གཅེས་ཆབ་སྲིད་བཙོན་པ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་ཞུས་ཏེ་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ།
དེ་ནས་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་བཀའ་བློན་ཁྲི་པ་མཆོག་གིས་དབུས་ས་གནས་འགོ་འཛིན་དང་འབྲེལ་མཐུད་རྣམ་པ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། འདི་གར་ཕེབས་པའི་ས་གནས་ཀྱི་འགོ་འཛིན་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ས་ཁུལ་ཁག་ཏུ་ཕྱག་ལས་གནང་མཁན་ཤ་སྟག་ཆགས་ཡོད། དེ་རིང་གི་ཚོགས་འདུའི་དགོས་དམིགས་གཙོ་བོ་ནི་ཁྱབ་ཁོངས་སོ་སོར་ཡོད་པའི་ས་གནས་ཀྱི་གཞིས་ཆགས་ཁག་མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་དང་། དེ་འབྲེལ་འཛིན་སྐྱོང་ཚགས་ཚུད་ཡོང་ཆེད་ཆགས་ཡོད། ང་ཚོ་བཙན་བྱོལ་དུ་མི་ལོ་ ༥༠ ལྷག་ཕྱིན་པའི་ཉམས་མྱོང་གང་ཞིག་བྱུང་ཡོད་པ་དེའི་ཐོག་ནས་སོ་སོའི་ས་གནས་ཀྱི་གནས་སྟངས་དང་བསྟུན་ཏེ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། ང་ཚོ་ལས་བྱེད་དང་འཛིན་སྐྱོང་ནས་ལས་ཀ་བྱེད་སྐབས་ཐོག་མར་བཀའ་ཤག་གི་ལྟ་གྲུབ་ཤེས་པའི་ཐོག་ནས་དེ་དང་མ་འགལ་བའི་ལས་གཞི་རྩོམ་དགོས་ཀྱི་རེད། འདས་པའི་ལོ་བཅུ་བཅོ་ལྔའི་གོང་ངའི་ཤེས་ཚོད་བྱས་ན། བོད་མིའི་སྒྲིག་འཛུགས་ཀྱིས་དམིགས་བཀར་གྱི་ལས་གཞིའི་ནང་ཧིན་སྒོར་ས་ཡ་ཆིག་སྟོང་བདུན་བརྒྱ་དང་བརྒྱད་བརྒྱ། ལྔ་བརྒྱའི་འཆར་འགོད་གནང་ནས་འགྲོ་སོང་བཏང་སྟེ་ཕྱག་ལས་གནང་གི་ཡོད། འདས་པའི་ལོ་གང་ཙམ་ཞིག་ནང་ལོ་གཅིག་ནང་ང་ཚོས་ས་ཡ་ཆིག་སྟོང་བརྒྱད་བརྒྱ་བཏང་ནས་ཕྱག་ལས་གནང་གི་ཡོད་པའི་ལས་གཞི་དེ་དག་ད་ལམ་ལོ་བརྒྱད་དགུའི་ནང་ས་ཡ་བརྒྱད་བརྒྱའི་ཐོག་ཆག་སྟེ་ལས་གཞི་ཉུང་དུ་ཕྱིན་ཡོད། ང་ཚོར་མཐུན་རྐྱེན་བཟང་དུ་ཕྱིན་ནས་ལས་གཞི་ཆུང་དུ་འགྲོ་བཞིན་ཡོད་པའི་གནས་ཚུན་ཐོན་གྱི་ཡོད་པར་བརྟེན། ས་གནས་སོ་སོའི་ཐོག་ནས་འགན་ཁུར་ཡོད་པའི་སྒོ་ནས་དཔལ་འབྱོར་འདུ་འགོད་ཀྱིས་མཚོོན་ལས་གཞི་དེ་དག་གནང་རྒྱུའི་དུས་ལ་སླེབས་ཡོད་འདུག་བསམས་ཀྱི་ཡོད། དེ་བཞིན་བོད་མིིའི་སྒྲིག་འཛུགས་འདི་ཚགས་ཚུད་ཡོད་པའི་དབང་གིས་རྒྱལ་ཁབ་མང་དག་ཅིག་གིས་བསྔགས་བརྗོད་དང་བོད་དོན་ཐོག་རྒྱབ་སྐྱོར་འཐོབ་བཞིན་ཡོད། དེར་བརྟེན་ང་ཚོས་སྒྲིག་འཛུགས་འདི་སྔར་ལྷག་ཚགས་ཚུད་ཡོང་རྒྱུའི་ཐོག་བསམ་བློ་ནན་ཏན་བཏང་བ་དང་ཆབས་ཅིག་ཤུགས་སྣོན་རྒྱག་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་བཞིན་ཕྱི་དྲིལ། འཕྲོད་བསྟེན། ནང་སྲིད་བཅས་ཀྱི་བཀའ་བློན་རྣམས་ཀྱིས་རིམ་བཞིན་གསུང་བཤད་གནང་རྗེས་ཆུ་ཚོད་ ༡༡།༢༥ ཐོག་བཀའ་ཁྲི་མཆོག་གིས་གསུང་བཤད་ཡོད།
ཐེངས་འདིའི་ཚོགས་ཆེན་ཉིན་གྲངས་བཞིའི་རིང་འཚོགས་རྒྱུའི་ཐོག་རྒྱ་བལ་འབྲུག་གསུམ་ནས་ལས་གནས་ས་འགོན་འཛིན་ ༤༡ དང་འབྲེལ་མཐུད་པ་ ༣ བཅས་ཁྱོན་མི་གྲངས་ ༤༤ མཉམ་ཞུགས་གནང་འདུག