༢༠༡༢ ཟླ་ ༦ ཚེས་ ༩ རེས་གཟའ་སྤེན་པ།
༄༅། །རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བཞི་པ་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༩ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་ཀྱི་ཟློས་གར་ཚོགས་ཁང་ (TIPA) དུ་དབུ་འཛུགས་གནང་ཡོད། དེ་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (The Core Group For Tibetan Cause) ཞེས་པས་གོ་སྒྲིག་འོག་དབུ་འབྱེད་མཛད་སྒོའི་སྐབས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་ (Bharat Tibbat Sehyog Manch) ཚོགས་གཙོ་སྐུ་ཞབས་ཨིན་ཌེ་རེ་ཤི་ཀུ་མཱར་ཇི་ Indresh Kumarམཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཅན་ཌེ་རེ་ཤི་ཀུ་མཱར་(Chandresh Kumari) མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་མོན་ཀོ་ཊི་ཡ་ (Ajay Singh Mankotia) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས། དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཀེ་ཊི་རི་ཁ་ Dr N K Trikha ལགས་བཅས་དབུ་བཞུགས་ཐོག་མཛད་སྒོ་དབུ་འཛུགས་གནང་ཡོད།
སྐབས་དེར་ཐོག་མར་གོང་བརྗོད་མཛད་གཙོ་ཐུན་མོང་ནས་སྣང་གསལ་ཞལ་ཕྱེ་གནང་རྗེས་སྐུ་མགྲོན་རེ་རེས་ནས་གསུང་བཤད་གནང། དེ་རྗེས་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ནང་པ་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་སྔ་དྲོའི་ཆོས་འབྲེལ་ལེགས་པར་མཛད་གྲུབ་མཚམས་་ཟློས་གར་ཚོགས་ཁང་དུ་དབུ་འབྱེད་མཛད་སྒོར་༸ཞབས་སོར་འཁོད་ཡོད། སྐབས་དེར་ཚོགས་འདུར་ཕེབས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་་མཛད་གཙོ་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དང་འཁྲབ་སྟོན་པ།
འབྲེལ་ཡོད་ལས་བྱེད་དང་སེར་སྐྱ་མང་ཚོགས་ཁག་གཅིག་གིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་བཞུགས་གྲལ་དུ་༸ཞབས་སོར་འཁོད་མཚམས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འཕགས་བོད་གཉིས་ལོ་རྒྱུས་ཀྱི་ཐོག་ནས་བླ་སློབ་ཀྱི་འབྲེལ་བཡོད། སློབ་མར་དཀའ་ངལ་འཕྲད་སྐབས་བླ་མས་རོགས་རམ་བྱ་རྒྱུའི་འགན་འཁྲི་ཞིག་ཡོད། སྤྱིར་ངོས་རང་ཆུང་དུས་ནས་རྒྱ་གར་ནཱ་ལེཎྜའི་སློབ་དཔོན་ཀླུ་སྒྲུབ་དང་ཟླ་བ་གྲགས་པ། འཕགས་པ་ཐོགས་མེད་སོགས་ཀྱི་མཚན་ཡང་ཡང་ཐོས་མྱོང་ཡོད་པ་ལས་རྒྱ་ནག་གི་ (Confucius) དང་ཁུང་ཙི་སོགས་ཀྱི་མཚན་ཐོས་མྱོང་མེད། དེར་བརྟེན་རྒྱ་ནག་དང་བསྡུར་བ་ཡིན་ན་བོད་དེ་རྒྱ་གར་དང་ཆོས་དང་རིག་གཞུང་། སྐད་ཡིག སེམས་ཚོར་གང་གི་ཆ་ནས་ཐག་ཉེ་བ་ཡོད། དེར་བརྟེན་སྐབས་རེ་ངོས་ཀྱིས་རྩེད་མོ་དང་སྦྲགས། རྒྱ་ནག་ལས་རྒྱ་གར་ལ་བོད་ཀྱི་བདག་དབང་འཛིན་རྒྱུའི་ཐོབ་ཐང་ཆེ་བ་ཡོད་པ་ལྟ་བུ་མཐོང་བཞིན་འདུག་ཅེས་ཤོད་ཀྱི་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། བོད་ནང་ཁོར་ཡུག་དང་རང་བྱུང་གཏེར་དངོས། དེ་བཞིན་རི་དྭགས་སོགས་རྩ་མེད་འགྲོ་བཞིན་པའི་གནས་སྟངས་ཐོག་ཐུགས་འཚབ་མཛད་བཞིན་ཡོད་སྐོར་དང་བོད་ཀྱི་ཁོར་ཡུག་དང་རིག་གཞུང་དེ་བཞིན་འཛམ་གླིང་སྤྱི་དང་། ལྷག་པར་རྒྱ་གར་དང་རྒྱ་ནག་ནང་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུའི་ཆ་རྐྱེན་ཧ་ཅང་གལ་ཆེ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་རྒྱ་ནག་ལྟ་བུར་ཆ་མཚོན་ན་དེང་སྐབས་རྒྱ་རིགས་གཞོན་སྐྱེས་ས་ཡ་མང་པོར་བཟང་སྤྱོད་ཀྱི་ལམ་སྟོན་མ་འདང་པའི་དཀའ་ངལ་འཕྲད་བཞིན་པ་ཚོར་བོད་ཀྱི་ནང་ཆོས་ནས་གསུངས་པའི་བྱམས་པ་དང་བཟོད་བསྲན། སྙིང་རྗེ་སོགས་ཀྱིས་ཕན་ཐོགས་ཧ་ཅང་ཡོང་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ལྷན་ཚོགས་སྐབས་རྒྱ་གར་མངའ་སྡེ་མ་ཧཱ་ར་ཤ་ཏྲ་དང་། ཨ་རུ་ནཱ་ཅལ། བྷི་ཧཱར། ཡུ་པི། ནུབ་བྷེང་གལ། ཇར་ཁཎྜ། སྡི་ལི། ཀར་ཎཱ་ཊ་ཀ། མད་རཱ་སི།
ཨོ་རི་ས། ཀེ་ར་ལ། པན་ཇཱབ། ཧར་ཡ་ན། ཧི་མཱ་ཅལ། ཨན་སྡ་ར་སོགས་ནས་བོད་དོན་རྒྱབ་སྐྱོར་བ་ ༡༥༠ ཙམ་ཕེབས་ཡོད་པ་བཅས།།