ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གྷི་ཏཱ་མན་དྷིར་ (Gita Mandir)དབུ་འབྱེད་མཛད་སྒོ་གྲུབ་རྗེས་སར་ཝོ་དྷ་ཡ་ས་མ་ཇ་(Sarvodaya Samaj)ཞེས་པའི་ཚོགས་པས་གྷན་དྷིའི་རྗེས་འཇུག་པ་རྣམས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༤༢ པའི་མཇུག་བསྡོམས་ཀྱི་མཛད་སྒོར་ཇི་ལྟར་གདན་ཞུ་གནང་བ་ལྟར་ཚོགས་ཆེན་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།
ཚོགས་ཆེན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེས་པོ་དམ་པ་བདག་ཉིད་ཆེན་པོ་མ་ཧཱ་དྷ་མ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་མི་ཉམས་གཅེས་འཛིན་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་ལ་བཀའ་སློབ་གནང་ཞིང་། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་གདམས་ངག་རྣམས་མི་ཉམས་གཅེས་འཛིན་བྱས་ཏེ་འཛམ་གླིང་ཁྱོན་ཡོངས་སུ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཀྱི་རེད། ཅེས་བཀའ་སློབ་ལམ་སྟོན་གནང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་ནང་ལོ་རྒྱུས་ཀྱི་རླབས་ཆེན་མཛད་ཁུར་གསུམ་གྱི་ཐོག་སྐུ་ངལ་སྐྱོན་གྱི་ཡོད་སྐོར་བཀའ་སློབ་ཕེབས་ཡོད་ཅིང་། མཛད་ཁུར་དེ་གསུམ་ནི་དང་པོ་གཞི་རྩའི་འགྲོ་བ་མིའི་རིང་ཐང་གོང་ཐོར་གཏོང་རྒྱུ་དང་། གཉིས་པ་དེ་ཆོས་ལུགས་ཕན་ཚུན་བརྩི་བཀུར་དང་མཐུན་སྒྲིལ་ཡོང་བ་བྱ་རྒྱུ། གསུམ་པ་བོད་དོན་སྐོར་ཡིན། ཞེས་བཀའ་སྩལ་བ་དང་འབྲེལ་ལོ་མང་སོང་བའི་རྗེས་སུའང་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་གདམས་ངག་དང་། ལྟ་གྲུབ། དེ་བཞིན་རྩ་དོན་བཅས་རྒྱ་གར་བ་ཚོའི་ནང་ད་དུང་གཏིང་ཟབ་བསྡད་འདུག་པ་དེ་ནི་དགའ་ཚོར་སྐྱེས་འོས་པ་ཞིག་རེད། ཅེས་བཀའ་སྩལ་ཡོད།
ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྲོང་ཁྱེར་པུཎེར་གདན་ཞུས་གནང་མཁན་དྷ་དྷ་ཇའི་པི་སེ་ནིས་(Dada J P Vaswani)༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛད་མེད་སྐྱོན་བཞིན་པའི་བོད་དོན་འཐབ་རྩོད་ཀྱི་ལས་དོན་དེ་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་པ་འགྲེལ་བརྗོད་གནང་སྟེ་མཐའ་མའི་རྒྱལ་ཁ་དེ་བདེན་པར་ཐོབ་རྒྱུ་རེད། ཅེས་གསུངས་ཡོད་པ་རེད།
ཚོགས་ཆེན་དེ་གོ་སྒྲིག་ཞུ་མཁན་སར་ཝོ་དྷ་ཡ་ས་མ་ཇ་(Sarvodaya Samaj)ཞེས་པའི་ཚོགས་པ་དེ་ཡིན་པ་དང་། ཚོགས་ཆེན་དེར་རྒྱ་གར་རྒྱལ་ནང་དང་རྒྱལ་སྤྱི་བཅས་ནས་བདག་ཉིད་ཆེན་པོ་གྷན་དྷིའི་རྗེས་འཇུག་པ་མང་པོ་ཞིག་ཚོགས་ཞུགས་གནང་ཡོད་པ་རེད།།