༢༠༡༢ ཟླ་ ༦ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༦ ཉིན་ཨེ་ཨེབ་པི་(AFP)ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས། བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་གོ་སྒྲིག་བྱེད་མཁན་གྱི་ལས་ཁུངས་ཁག་ལ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་སྤྱི་དང་ལྷག་པར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་འགྲུལ་བཞུད་ཀྱི་ལས་གཞི་གོ་སྒྲིག་བྱ་རྒྱུ་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་ཡོད། རྒྱ་ནག་གཞུང་གིས་བོད་ནང་སླར་ཡང་དམ་བསྒྲགས་བྱས་པའི་གནས་ཚུལ་འདི་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་ཉིན་གྲངས་ ༡༠ སོང་རྗེས་བྱུང་བ་ཞིག་ཡིན་འདུག རྒྱ་ནག་གཞུང་ཕྱོགས་ནས་དམ་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་ངོ་མ་ཇི་ཡིན་གཞུང་འབྲེལ་གསལ་བསྒྲགས་བྱས་མེད་ཀྱང་། ཡུལ་སྐོར་སྤྲོ་འཆམ་གོ་སྒྲིག་བྱེད་མཁན་གྱི་ལས་བྱེད་པ་ཞིག་གིས་ས་ག་ཟླ་བའི་དུས་ཚིགས་འཁེལ་བའི་དབང་གིས་ཡིན་སྐོར་གསུངས་ཡོད་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་གོ་སྒྲིག་བྱེད་མཁན་ཚོར་རྒྱ་གཞུང་གིས་ཕྱི་ཟླ་ ༥ ཟླ་མཇུག་ནས་ཡུལ་སྐོར་སྤྲོ་མཆམས་གོ་སྒྲིག་བྱ་རྒྱུ་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་ཡོད་སྐོར་བརྗོད་ཡོད།
སྤྱིར་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་ས་ག་ཟླ་བའི་ཚེས་ ༡༥ འཁེལ་བ་མ་ཟད་ཉིན་དེར་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ཐེན་ཨན་མཱན་ཐང་ཆེན་དུ་ (Tiananmen) སློབ་ཕྲུག་གཙོ་བོར་གྱུར་བའི་མང་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོས་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་བྱས་རྐྱེན་དྲག་གནོན་བྱས་པའི་ཉིན་མོ་དེ་ཡང་འཁེལ་ཡོད་པ་བཅས།།
རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པར་དམ་བསྒྲགས་བྱས་པ།
གསར་གནས།
འབྲེལ་གནས།