༢༠༡༢ ཟླ་ ༦ ཚེས་ ༥ རེས་གཟའ་མིག་དམར།
༄༅། འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༥ ཉིན་བཏང་གནས་ནང་འཁོད་དོན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང༌། ཕྱག་རོགས་ཁྲིམས་ལུགས་རིག་པ་བ་ཀུན་བཟངསྟོབས་ལྡན་ལགས་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣ ཉིན་ཕྱི་དྲོ་བཞུགས་སྒར་ནས་སྤྱི་སྤྱོད་རླངས་འཁོར་ནང་ཕེབས་ཐོན་གྱིས་ཚེས་ ༢༦ བར་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང༌། རྒྱ་གར་བྱང་ཤར་མངའ་ཁུལ་དུ་རྟེན་གཞི་བྱས་པའི་ཏི་ཛུ་དར་རྒྱས་གླིང་དང༌། མེ་འོ་ཆོས་འཕེལ་གླིང༌། བསྟན་འཛིན་སྒང་བཅས་བོད་མིའི་གཞིས་ཆགས་སོ་སོའི་སེར་སྐྱ་མི་མང་དང༌། ལྡི་མ་སྤུུར་དང་ཀོ་ཧི་མ་ས་ཁག་གཉིས་སུ་ཁྱིམ་ཚང་ ༡༠༥ ཙམ་ཡོད་ཁོངས་ནས་ལྡི་མ་སྤུར་ནས་ ༥༥ དང༌། ཀོ་ཧི་མ་ནས་མི་འཐུས་ ༥ བཅས་མི་གྲངས་ ༦༠ དང༌། ཤི་ལོངས་ཁུལ་ས་ཁག ༡༠ ནང་ཁྱིམ་ཚང་ ༡༦༡ ཡོད་ཁོངས་ནས་མི་མང་ ༧༠ ཙམ།
འབུམ་ལ་བསྟན་སྒང་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་མིར་སྤུར་དང༌། གར་འཆམ། བསྟེན་དགའ། རུ་པ་བཅས་སུ་རང་རིགས་ཁྱིམ་ཚང་ ༤༥ ནས་མི་གྲངས་ ༣༥ རུ་པ་ས་གནས་སུ་ཚོགས་བཅར་ཞུས། མོན་རྟ་དབང་ཁུལ་རྟ་དབང་ཞོལ་དང༌། འབོམ་འདིར། ལྷ་འོ། གཙང་པོ་རོང་བཅས་སུ་ཁྱིམ་ཚང་ ༦༠ ཙམ་ཡོད་ཁོངས་ནས་རིག་རྒྱ་རིན་པོ་ཆེ་དབུས་སེར་སྐྱ་མི་མང་ ༦༥ ཙམ་མི་མང་སྤྱི་ཁང་ནང་དང༌། འབུམ་སྡེ་ལ་གྲོང་ཁྱེར་ནང་ཁྱིམ་ཚང་ ༤༠ ཙམ་ཡོད་ཁོངས་ནས་མི་གྲངས་ ༤༨ བཅས་ས་གནས་སོ་སོའི་མི་མང་འདུ་འཛོམས་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ ༡༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་དང༌། ༢༽ བཅའ་ཁྲིམས་གཏན་འབེབས། ༣༽ བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་མཐའ་དག་ཁྲིམས་ཀྱི་དབང་བསྒྱུར་ཡིན་སྟབས། རང་རེ་ཚང་མས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞི་རྩའི་རང་དབང་དང་ཐོབ་ཐང་རྣམས་ལོངས་སུ་སྤྱད་པ་དང་སྦྲགས་ཡུལ་མིའི་ལས་འགན་ཡང་ཆ་ཚང་བསྒྲུབ་ན་ཁྲིམས་མཐུན་ཆགས་ཀྱི་ཡོད་སྐོར་སོགས་ཀྱི་ངོ་སྤྲོད་སྙིང་བསྡུས་དང༌། ༤༽ བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་འགན་དབང་དང༌། གྲུབ་ཆ། དམིགས་ཡུལ། ཁྲིམས་ཞིབ་ཁང་རིམ་པ་སོ་སོའི་ངོ་སྤྲོད་དང་འབྲེལ་དམིགས་བསལ་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁྲིམས་ཞིབ་ཁང་སོ་སོའི་ཁྲིམས་ཁོངས་ཁྱབ་ཚད་དང༌། ཆ་རྐྱེན། ཁ་མཆུ་ཞུ་གཏུག་བྱེད་སྟངས། ཁ་མཆུའི་འགྲོ་གྲོན། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ཁ་མཆུ་ཞིབ་གཅོད་དང་ཉན་ཞིབ་བྱེད་སྟངས། ཁ་མཆུ་ཐག་གཅོད་ཀྱི་བཅད་ཁྲ་གཏོང་སྟངས་སོགས་དང་འབྲེལ་བའི་དོན་ཚན་ཁག་གི་ནང་དོན་རྣམས་ཁ་གསལ་གོ་བདེའི་ཐོག་ནས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་རང་རེའི་སྤྱི་ཚོགས་ནང་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་གང་མང་ཅིག་དགོས་གལ་ཆེ་སྟབས། མ་འོངས་པར་ཁྲིམས་རྩོད་པའི་སྦྱོང་བརྡར་ལས་རིམ་ནང་ས་གནས་སོ་སོ་ནས་མི་འགྲོ་གང་མང་འཛུལ་ཞུགས་ཐུབ་ཐབས་འབོད་སྐུལ་གནང་ཡོད།
རྒྱ་གར་མངའ་སྡེ་དབུས་ཆ་ཏིསི་གྷར་དང༌། ཨོ་རི་ས། འབྲས་ལྗོངས། ནུབ་སྦེང་གྷལ། ཨ་རུ་ན་ཅལ། མེ་གྷ་ལ་ཡ། ན་ག་ལན་ཌི་བཅས་ཀྱི་མངའ་སྡེ་ཁག་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་དང༌། ཁ་འཐོར་བོད་མིའི་འདུས་སྡོད་ཁག་གི་ཆེད་དུ་འབྲས་ལྗོངས་ལྷོ་ཕྱོགས་ཀུན་ཕན་གླིང་གཞིས་ཆགས་སུ་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཞིག་རིང་མིན་གསར་འཛུགས་གནང་གཏན་འཁེལ་བ་ལྟར། མ་འོངས་པར་འབྲེལ་ཡོད་ས་གནས་ཁྲིམས་ཞིབ་ཁང་ནས་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ལ་བོད་མིའི་ཁྲིམས་ལུགས་སྐོར་དུས་ནས་དུས་སུ་གོ་རྟོགས་སྤེལ་འཆར་ཡོད་སྐོར་འགྲེལ་བརྗོད་གནང་བར་མང་ཚོགས་ནས་དགའ་མོས་ཤུགས་ཆེ་ཞུས་འདུག
དེ་བཞིན་ཁྲིམས་ལུགས་རིག་པ་བ་ཀུན་བཟང་སྟོབས་ལྡན་ལགས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་འབྲེལ་ཆགས་དོན་ཚན་ཁག་གི་ནང་དོན་སྙིང་བསྡུས་འགྲེལ་བརྗོད་གནང༌། དེ་རྗེས་མང་ཚོགས་ནས་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་དང་ཁྲིམས་ཡིག་ཁག་གི་ནང་དོན་སྐོར་དྭོགས་འདྲི་ཞུས་པ་ཁག་ལ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ལན་འདེབས་གནང༌།
མཐའ་དོན་རང་རིགས་སྤྱི་སྒེར་ཡོངས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རིན་པོ་ཆེ་སྙིང་དབུས་སུ་བཅངས་ཏེ་ལག་བསྟར་ཚུལ་བཞིན་དགོས་པ་དང༌། ཡུལ་ཁྲིམས་ལ་སྲུང་བརྩི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ལ་སྲུང་བརྩི། ཡུལ་མིར་མཐུན་ལམ་ཟབ་ནན་བྱ་དགོས་ཞེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ལམ་སྟོན་སྙིང་བསྡུས་ཤིག་གནང༌།
ཏི་ཛུ་དར་རྒྱས་གླིང་དང༌། མེ་འོ་ཆོས་འཕེལ་གླིང༌། བསྟན་འཛིན་སྒང་བཅས་གཞིས་ཆགས་ཁག་གསུམ་དང༌། ལྡི་མ་སྤུར་བཅས་སུ་ས་གནས་སོ་སོའི་ས་འཐུས་དང༌། གཞིས་མཉམ་ལས་བྱེད། རང་བདེན་ཚོགས་ཆུང༌། སྤྱི་མི་བརྒྱ་དཔོན། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྒྱུན་ལས་བཅས་ལ་ཟུར་དུ་ཆུ་ཚོད་ ༢ ཙམ་རིང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་བ་དང་ཆབས་ཅིག་རིང་མིན་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གསར་འཛུགས་གནང་རྒྱུར་དེའི་ཁྱབ་ཁོངས་གཞིས་ཆགས་ཁག་ནང་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་བྱེད་ཕྱོགས་དང༌། མང་ཚོགས་ལ་དུས་ནས་དུས་སུ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་འཆར་བཅས་ཀྱི་སྐོར་ལམ་སྟོན་གནང༌།
གོང་གསལ་རྒྱ་གར་བྱང་ཤར་མངའ་ཁུལ་ས་གནས་ཁག་གི་ལས་དོན་རྣམས་ལེགས་པར་གྲུབ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ཕྱག་རོགས་ལྷན་ ༢༠༡༢ ཟླ་ ༥ ཚེས་ ༢༤ ཉིན་ལྡི་ལི་ནས་དེའ་ཧྲཱ་དཱུན་བདེ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཕེབས་འབྱོར་གནང༌། ཚེས་ ༢༥ ཉིན་ས་གནས་ཁྲིམས་ཞིབ་ཁང་གི་ཡིག་ཚང་དང༌། གཏུག་བཤེར་ཁང༌། ལས་ཤག་བཅས་ཀྱི་བཟོ་བཅོས། གཡས་གཡོན་དུ་རྩི་ཤིང་འདེབས་ལས་དང་སྤྱི་རྫས་བདག་གཅེས་བྱེད་ཕྱོགས་བཅས་ལ་ཞིབ་འཇུག དེ་རྗེས་ས་གནས་ཁྲིམས་ཞིབ་པས་དབུས་ལས་བྱེད་རྣམས་བསྐོང་འཚོགས་ཀྱིས་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ཡར་རྒྱས་གཏོང་ཕྱོགས་དང། འཛིན་སྐྱོང་ལས་དོན་ཚགས་ཚུད་ཡོང་ཐབས་སྐོར་ལམ་སྟོན་བཀོད་མངགས་གནང་སྟེ་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་བདེ་གླིང་ནས་ཕེབས་ཐོན་གྱིས་ཕྱི་དྲོ་དྷ་སར་ཕེབས་འབྱོར་གནང་བ་འདུག་པ་བཅས།།